མཚོ་ལྷོ་ཁུལ་གྱིས་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།
ཟླ11པའི་ཚེས26ཉིན། ཁུལ་ཡོངས་ཀྱིས་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་བསྡུས་ཤིང་། ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན། འགན་འཁྲི་ཏན་ཏིག་བཅས་ཡོང་བར་སྐུལ་སློང་བྱས་པར་མ་ཟད་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་ཏེ། དུག་རྫས་བཅོས་སྐྱོང་དེང་རབས་ཅན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ནས། མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བར་འགན་ལེན་གང་ལེགས་བྱས། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་གཏམ་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་མགོ་འཛིན་བྱས།
ཚོགས་འདུ་ལས་མཚོ་ལྷོ་ཁུལ་ལ་སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ས་ཁུལ་གྱི་ཆོག་མཆན་ཐོབ་པ་ནི་ཞིང་ཆེན་ཡོངས་ཀྱི་གསར་གཏོད་ཁྲོད་ཞུགས་པའི་ས་ཁུལ་གཅིག་པུ་ཡིན་པར་མ་ཟད། རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་གྱི་གསར་གཏོད་ཁྲོད་ཞུགས་པའི་ལས་ཁུངས་གཅིག་པུ་དེའང་ཡིན། གསར་གཏོད་བྱེད་པའི་དུས་ཡུན་ནི2026ལོ་ནས2028ལོའི་བར་ཡིན་ཞིང་། དེ་ནི་དུས་ཡུན་རིང་བ་དང་ཚད་གཞི་མཐོ་བ། མ་མཐའི་ཚད་ཐིག་གཟབ་ནན་ཡིན་པ་བཅས་ཀྱི་མ་ལག་རང་བཞིན་གྱི་འགྲན་རྩོད་ཆེན་མོ་ཞིག་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དུག་འགོག་བྱ་བ་དེ་རྒྱལ་ཁབ་བདེ་འཇགས་དང་མི་རིགས་འཆམ་མཐུན། དམངས་ཚིས་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྣང་མེད་དང་ལྷོད་གཡེང་། འགྲོ་ཐབས་འདུག་ཐབས་བཅས་ཀྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་གསོད་བྱེད་པ་དང་། གསར་གཏོད་ལས་འགན་ཁག་ལ་སྐུལ་འདེད་ནན་མོ་བཏང་སྟེ། འཕར་གཞི་གཅིག་དང་དཔེ་མཚོན་བཞི། ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།
ཚོགས་འདུ་ལས་མཚོ་ལྷོ་ཁུལ་གྱི་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་བཙུགས་ཏེ། སྒྲིག་གཞིའི་བཅོས་སྐྱོང་དང་ཕྱོགས་བསྡུས་ཇུས་འདོན་ལ་རྒྱུན་འཁྱོངས་བྱས་ནས། དག་ཐེར་བཅོས་སྐྱོང་དང་ཉེན་ཁ་སྔོན་འགོག སློབ་གསོའི་དྲིལ་སྒྲོག རོགས་སྐྱོར་དོ་དམ་ཚོད་འཛིན་བཅས་ཀྱི་བྱ་བ་ཁག་གི་སྐུལ་འདེད་ལ་སྤྱི་འདོམས་བྱ་དགོས། མ་མཐའི་ཚད་ཐིག་གི་བསམ་བློ་བརྟན་པོར་བཏང་སྟེ། དོགས་ཟོན་ལྔའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། བཞི་འཕར་བཞི་ཆག་གི་རྣམ་པ་བཟང་པོ་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ། དུག་འབྲེལ་ཉེན་ཁར་སྔོན་དཔྱད་དང་འགུལ་རྣམ་གྲལ་བཤེར། སྔོན་འགྲོའི་ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་དུག་འབྲེལ་གྱོད་གཞི་ཚབས་ཆེན་མི་འབྱུང་བའི་མ་མཐའི་ཚད་ཐིག་བརྟན་པོར་སྲུང་དགོས། རྡུང་རྡེག་ནན་མོའི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་གྱི་དུག་རྫས་དང་གསར་བྱུང་འཕྲུལ་སྣང་སྐྱེད་བྱེད་ཀྱི་དུག་རྫས་ལ་དམ་པོར་དམིགས་ནས། ས་ཁོངས་བརྒལ་བ་དང་སྡེ་ཚན་བརྒལ་བའི་མཐུན་སྦྱོར་རྡུང་རྡེག་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མགོ་ཁུངས་རྩད་ཞིབ་དང་འབྱུང་རྩར་དོ་དམ་ཐུབ་པ་བཅས་བྱས་ནས་མུ་མཐུད་དུ་དུག་རྫས་འཁོར་རྒྱུག་ལ་བཀག་འགོག་བྱ་དགོས། སྔོན་འགོག་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཅན་བཅུའི་ཏང་འཛུགས་ཀྱི་བཅོས་སྐྱོང་མ་ལག་ལ་བརྟེན་ནས་དུག་འགོག་བྱ་བ་དེ་དྲ་མིག་ཅན་གྱི་བཅོས་སྐྱོང་ཁྲོད་འདྲེས་པར་སྐུལ་འདེད་གཏོང་བ་དང་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས། གཞོན་ནུ་ལོ་ཆུང་དང་རོང་འབྲོག་པར་ཁ་ཕྱོགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་དུག་འགོག་དྲིལ་བསྒྲགས་བྱས་ཏེ་མཉམ་འདྲེས་སྨྱན་སྦྱོར་དང་། ཅན་བཅུའི་ཏང་འཛུགས་དྲིལ་བསྒྲགས་སྒྲོག་སྤེལ་ཚོགས་ཆུང་། རྟ་ཐོག་ཉེན་རྟོག་ལས་དོན། རྟ་ཐོག་སྒྲོག་འགྲེལ། དང་བླངས་ཉེན་རྟོག་པའི་མཉམ་འགོག་སོགས་ཀྱི་ཁྱད་ལྡན་བྱེད་ཐབས་སྣ་མང་ལ་བརྟེན་ནས། དུག་འགོག་དྲིལ་བསྒྲགས་དང་ཉེན་ཁར་གྲལ་བཤེར་བྱ་རྒྱུ་དེ་རྩྭ་ཐང་གི་སྐོར་སྲུང་དང་ཁྱིམ་ཚང་ལ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཁྲོད་ཁྱབ་པར་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་དུག་རྫས་ལ་ངོས་འཛིན་དང་སྔོན་འགོག དང་ལེན་མི་བྱེད་པར་ཁྲིད་སྟོན་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་མཐའ་འཁྱོངས་དང་ཤུགས་བསྣན་ནས་ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ། ཏང་ཨུས་མགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་འགན་འཁུར་བ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པ། སྤྱི་དམངས་ཟབ་ཞུགས་བྱེད་པ། ཁྲིམས་སྐྱོང་འགན་ལེན་བཅས་ཀྱི་དུག་འགོག་གི་རྣམ་པ་ཆེན་པོ་ཞིག་གཏོད་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོའི་འགན་འཁྲི་དམ་འཛིན་དང་། གསར་སྐྲུན་བྱ་བ་དེ་བདེ་འཇགས་འཛུགས་སྐྲུན་དང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཁོངས་སུ་བཅུག་སྟེ་གཅིག་གྱུར་གྱིས་བཀོད་སྒྲིག་དང་གཅིག་གྱུར་གྱིས་དཔྱད་ཞིབ་བྱ་དགོས། སྤྱི་བདེ་སྡེ་ཁག་གིས་སྣེ་ཁྲིད་དེ་དག་ཐེར་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལས་རིགས་གཙོ་གཉེར་སྡེ་ཁག་གིས་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་པ། ཤང་གྲོང་དང་སྡེ་བའི་ཁོངས་གཏོགས་ཁུལ་གྱི་འགོག་སྲུང་བརྟན་པོར་གཏོང་བ། ཁུངས་སྣེ་ཕན་ཚུན་མཉམ་སྤྱོད་དང་གྲོས་མོལ་ཞིབ་གཅོད། མཉམ་འབྲེལ་ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དུག་འགོག་བཅོས་སྐྱོང་དེ་གཅིག་སྡུད་འགག་སྒྲོལ་ནས་རྒྱུན་རྣམ་དང་ཡུན་ཕན་གྱི་བཅོས་སྐྱོང་ལ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་དུག་འགོག་བྱ་བ་ཧུར་ཐག་སྒོས་བསྒྲུབ་དགོས་པའི་བླང་བྱ་བཏོན།
ཚོགས་འདུ་དེ་བརྙན་རིས་ཀྱི་ལམ་ནས་རྫོང་ཁག་སོ་སོར་སྦྲེལ་བ་དང་། ཁུལ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཚོགས་ར་གཙོ་བོར་ཞུགས་པ་དང་རྫོང་ཁག་གི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཡན་ལག་ཚོགས་རར་ཞུགས།