སྒྲོན་བརྙན། 详情

སླ་ངའི་གོ་རེ་དེ་མང་ཚོགས་ཕྱུག་འགྱུར་གྱི་ཐོན་ལས་སུ་གྱུར་པ།

སླ་ངའི་གོ་རེ་དེར་ཡུན་རིང་གི་ལོ་རྒྱུས་ལྡན་པ་དང་བྲོ་བ་ཧ་ཅང་ཞིམ། ཁྲི་ཀ་རྫོང་ཀ་རིང་ཤང་གཡམ་སྡེ་བས་གནའ་བོའི་ལག་རྩལ་ལ་བརྟེན་ནས་སྡེ་བའི་ཨུ་ལྷན་གཉིས་ཀྱིས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་སྤྱད་དེ། ཞིང་ཁྱིམ་སྒོ་རའི་ནང་གི་རྒྱུན་ལྡན་གྱི་བཟའ་བཅའ་དེ་ཁྱད་ལྡན་དམངས་ཕྱུག་ཐོན་ལས་སུ་བསྒྱུར་བ་དང་། དེང་མའི་སླ་ངའི་གོ་རེ་དེ་ད་ལྟ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་དང་གྲོང་གསེབ་འཕེལ་རྒྱས་ལ་ནུས་ཤུགས་བསྩོལ་བའི་ཐོན་ལས་སུ་གྱུར་ཡོད།

0B3A193E1CE0696E043B4849F196C360.jpg

ཞོགས་པའི་གཡམ་སྡེ་བ་རུ་སྨུག་སྤྲིན་ལང་ལོང་འཐིབས་ལ། དུ་ཞགས་ཀྱང་ལང་ལོང་དུ་འཁྱུག་བཞིན་ཡོད། སྡེ་མི་ལིའུ་ཡུང་མའེ་ཡིས་རང་ཁྱིམ་དུ་ཕྱེ་རྒྱ་མར་ཚད་པ་དང་ཕྱེ་བརྫི་བ། གོ་རེ་སྲེག་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་ལ། མོས་གྲོ་ཕྱེ་བརྫིས་མ་དེ་ལྕགས་ཁོག་ནང་དུ་བཅུག་ནས་རྩྭའི་ཐལ་བའི་དྲོད་ཚད་ལ་བརྟེན་ནས་མཐོ་སྒང་གི་བཟའ་བཅའ་ཞིམ་པོ་ལས་བཞིན་ཡོད།

ཁྲི་ཀ་རྫོང་ཀ་རིང་ཤང་གཡམ་སྡེ་བའི་སྡེ་མི་ལིའུ་ཡུང་མའེ་ཡིས་བཤད་རྒྱུར། གོ་རེ་སྲེག་དུས་དཀའ་ལས་ཡོད་མོད། འོན་ཀྱང་ཁྱིམ་གྱི་རྒན་རྒོན་དང་བྱིས་པར་ལྟ་རྟོག་བྱེད་དགོས་པས། ཕྱི་རུ་ལས་ཀར་འགྲོ་མི་ཐུབ་ལ། དེ་བས་ཁྱིམ་དུ་གོ་རེ་སྲེག་ན་ཁ་གསབ་སྒོར་མོ་འཚོལ་ཐུབ་པས། ང་རང་ཧ་ཅང་ཡིད་ཚིམ་པོ་འདུག་ཟེར།

ལོ་འགའ་ཤས་སྔོན་དུ། སླ་ངའི་གོ་རེ་དེ་སྡེ་མི་རང་གི་བཟའ་བཅའ་ཙམ་ལས། ལྷན་སྐྱེས་ཀྱི་ལག་ཤེས་དེ་ཁྱིམ་ཚང་དུ་བཀོལ་པ་ལས་དཔལ་འབྱོར་གྱི་ཕན་འབྲས་ཐོན་དཀའ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། སྡེ་བའི་ཨུ་ལྷན་གཉིས་ཀྱིས་ཡུལ་བབ་དང་བསྟུན་ནས་སྡེ་བའི་ལག་ཤེས་ཡོད་པའི་ཁྱིམ་ཚང་གི་གོ་རེ་སྲེག་ས་ལས་རྒྱུར་སྐུལ་མ་གནང་ནས། དྲིལ་བསྒྲགས་དང་ཕྱིར་ཚོང་གི་ཐབས་ལམ་རང་འགུལ་ངང་བཏོད་པ་དང་། སྲོལ་རྒྱུན་གྱི་ལག་ཤེས་དེ་ཁྱད་ལྡན་ཐོན་ལས་སུ་འགྱུར་བར་ཁྲིད་སྟོན་བཅས་བྱས་པས། སྲོལ་རྒྱུན་གྱི་ལག་ཤེས་དེ་སྒོ་རྩར་བབ་བསྟུན་ལས་ཞུགས་ཀྱི་གཞི་རྟེན་གསར་པར་གྱུར་བ་དང་། ས་གནས་རང་གི་བྲོ་བ་ཞིམ་པའི་སླ་ངའི་གོ་རེ་ལ་ཚང་མས་བསྔགས་བརྗོད་ཐོབ་ལ།ཉེ་འཁོར་གྱི་ཡུལ་སྐོར་པ་ཤང་དང་གྲོང་བརྡལ་ནས་ཡོང་བ་ལས་གཞན།རིམ་བཞིན་ཕྱིའི་མགྲོན་པོ་ཇེ་མང་དུ་སོང་ནས་འདི་རུ་སླ་ངའི་གོ་རེ་ཉོ་བཞིན་ཡོད།

ECAF42831B6C7FFFA69A3AE96C0A92F0.jpg

མགྲོན་པོ་དཔའ་རྩེ་འབུམ་གྱིས་བཤད་རྒྱུར། ཟི་ལིང་གི་གྲོགས་པོ་མང་པོས་འདི་གའི་སླ་ངའི་གོ་རེའི་བྲོ་བ་ཧ་ཅང་ཞིམ་པོ་འདུག་ཟེར། དེ་རིང་ང་ཆེད་དུ་ཡོང་ནས་གྲོགས་པོར་གོ་རེ་འགའ་ཉོ་རྩིས་ཡོད་ལ།ཞོར་དུ་རང་གིས་ཀྱང་གོ་རེ་འགའ་ཉོས་ནས་ཟི་ལིང་དུ་འཁྱེར་རྒྱུ་ཡིན། བྲོ་བ་ངོ་མ་ཞིམ་པོ་འདུག་ཟེར།

འཛད་སྤྱོད་པའི་བསྔགས་བརྗོད་དང་རྒྱབ་སྐྱོར་ལ་བརྟེན་ནས་གཡམ་སྡེ་བའི་སླ་ངའི་གོ་རེ་ཕྱི་རུ་བྲིན་ཐུབ་པ་བྱུང་། སྡེ་བའི་ནང་གཅིག་གྱུར་སྒོས་བཀོལ་སྤྱོད་བྱེད་པའི་སླ་ངའི་གོ་རེ་ཡི་སྤུས་ཚད་ལ་འགན་ལེན་ཡོད་པ་དང་། རང་སྟོབས་རང་སྤེལ་བྱས་པ་ནས་མཉམ་འབྲེལ་འཕེལ་རྒྱས་བར་ཐོན་ལས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པས། ས་གནས་དེ་གའི་ཐོན་ཁུངས་ཀྱི་དགེ་མཚན་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

ཁྲི་ཀ་རྫོང་ཀ་རིང་ཤང་གཡམ་སྡེ་བའི་ཀྲུའུ་རེན་གཞོན་པ་ཁྲེང་ཧྥུའུ་གོས་བཤད་རྒྱུར། ང་ཚོས་སྲེག་པའི་སླ་ངའི་གོ་རེ་དེ་དག་ནི་སྡེ་བའི་རང་གི་བཏབས་པའི་དཔྱིད་གྲོ་དང་པད་ཁའི་སྣུམ་ལས་བྱུང་བ་དང་།ལག་ཤེས་བཟོ་རྩལ་ཁོ་ནར་བརྟེན་ནས་སྲེག་པ་ཡིན། 2018ལོ་ནས་ད་བར་ཐོན་ལས་འཕེལ་རྒྱས་སུ་སོང་བ་བརྒྱུད་སྡེ་མི་ཁྱིམ་ཚང40ལ་འབབ་འཕར་བྱུང་བ་དང་། ཁྱིམ་ཚང་གཅིག་གིས་ཉིན་གཅིག་ལ་གོ་རེ་བཞི་བཅུ་ནས་ལྔ་བཅུ་ཙམ་སྲེག་ཐུབ་ཀྱི་ཡོད་པས། ཁྱིམ་ཚང་རེར་ལོ་རེར་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི་གཉིས་དང་གསུམ་འཕར་གྱིན་ཡོད། ཐོན་རྫས་དེ་དག་ཟི་ལིང་ལ་མཁོ་འཚོང་བྱེད་པ་ལས་གཞན། ད་དུང་སི་ཁྲོན་སོགས་སུའང་བཙོངས་བཞིན་ཡོད་ཟེར།

CBAD442B38B90D27ED99A3BAD3FFF19C.jpg

སྡེ་བའི་ཞིང་ལས་དང་མང་ཚོགས་ཀྱི་འབབ་འཕར་གཉིས་ལ་འབྲེལ་བའི་གཡམ་སྡེ་བས་ཡུལ་དེ་གའི་ཐོན་ཁུངས་ལ་གཞི་ཚུགས་ཏེ།སྲོལ་རྒྱུན་གྱི་ཞིང་པའི་ལག་རྩལ་དེ་རྒྱུན་མཐུད་ཀྱི་ཁྱད་ལྡན་ཐོན་ལས་སུ་བསྒྱུར་པ་དང་། སླ་ངའི་གོ་རེ་དེ་ཁྱད་ཆོས་ལྡན་པའི་བཟའ་བཅའ་རུ་བཏོད་པ་མ་ཟད། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཀྱང་བཏོད་ཡོད། ཐོན་ལས་ཆུང་ངུས་སྒུལ་ནུས་ཆེན་པོ་གཅིག་ཏུ་བསྡུས་ཏེ་གྲོང་གསེབ་ཀྱི་ལག་རྩལ་ལ་རྒྱུན་མཐུད་ངང་གསོན་ཤུགས་རྒྱས་པར་བྱས་པ་དང་།མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རྣམ་པ་ལེགས་པོ་ཞིག་མངོན་ཡོད།

热门新闻

热门图库

热门排行