མཚོ་ལྷོ་ཁུལ་གྱིས་སྲོལ་ཡིག་གཉིས་ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
ཟླ11པའི་ཚེས25ཉིན་གྱི་སྔ་དྲོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཁྲོམ་རའི་དོ་དམ་སྲོལ་ཡིག》དང《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གོམས་སྲོལ་བསྒྱུར་བར་སྐུལ་སྤེལ་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། སྲོལ་ཡིག་དེ་གཉིས་ཀ2026ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཧྲའོ་ཧྥུའུ་ཡིས་སྲོལ་ཡིག་གཉིས་ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་གཏན་འབེབས་བརྒྱུད་རིམ། ནང་དོན་གཙོ་བོ་བཅས་ངོ་སྤྲོད་བྱས་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅང་ཏུང་མེ་ཡིས་སྲོལ་ཡིག་གཉིས་ལག་བསྟར་དོན་འཁྱོལ་ལ་དམིགས་ནས་གཏམ་བཤད་སྤེལ།
སྲོལ་ཡིག་དེ་གཉིས2026ལོའི་ཟླ2པའི་ཚེས8ཉིན་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་བདུན་པའི་སྟེང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཟླ9པའི་ཚེས23ཉིན་གྱི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་སྟེང་ཞིབ་བཤེར་ཆོག་མཆན་འགོད་རྒྱུའི་སྙན་ཞུ་ཕུལ་བ་དང་། ཟླ10པའི་ཚེས12ཉིན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་བ་རེད།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཁྲོམ་རའི་དོ་དམ་སྲོལ་ཡིག》ལ་ཁྱོན་དོན་ཚན24ཡོད་པ་དང་། དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ། རོང་ཕྱུགས་ཁུལ་གྱི་སྐྱེལ་འདྲེན་ཐབས་ལམ་ཤར་གཏོང་བྱེད་པ། ལས་གཉེར་མི་སྣའི་ཁེ་དབང་འགན་ལེན་བྱེད་པ། ཞབས་ཞུ་དང་བདེ་འཇགས་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་ལ་དམིགས་ནས་གཏན་འབེབས་བྱས་པ་དང་།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གོམས་སྲོལ་བསྒྱུར་བའི་སྐུལ་སྤེལ་སྲོལ་ཡིག》ལ་ཁྱོན་དོན་ཚན25ཡོད་པ་དང་།བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། གཉེན་སྒྲིག་དང་འདས་མཆོད་བཅས་ཚད་ལྡན་དུ་གཏོང་བ། ཡ་རབས་བདེ་ཐང་གི་འཚོ་བར་སྣེ་ཁྲིད་བྱེད་པ་དང་། འགན་ལེན་དང་ལྟ་སྐུལ་ལ་ཤུགས་སྣོན་པ་སོགས་ལ་དམིགས་ནས་གཏན་འབེབས་བྱས་པ་རེད།
《སྲོལ་ཡིག》དེ་གཉིས་ཡོངས་བསྒྲགས་ལག་བསྟར་བྱས་པ་ནི་མཚོ་ལྷོ་ཁུལ་གྱིས་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། དམངས་ཚིས་དོ་ཁུར་ལ་བརྩི་མཐོང་བྱེད་པ། བཅོས་སྐྱོང་གི་ཞན་ཆ་ཁ་གསབ་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། མྱུར་སྐྱེལ་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གོམས་སྲོལ་བསྒྱུར་བ་གཏིང་ཟབ་ཏུ་སྤེལ་བ། གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།
ཡོངས་བསྒྲགས་ཚོགས་འདུའི་སྟེང་ཁུལ་ཐད་གཏོགས་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ《སྲོལ་ཡིག》དེབ་རྐྱང་སྤྲད་པ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་དང་ནུབ་མཚོ་གྲོང་ཁྱེར་ཚགས་པར། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། གུང་ཧོ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྨྱན་སྦྱོར་གཙོ་གྲས་དང་དེ་མིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད།