ཁྲི་ཀ་རྫོང་གིས་རྩི་ཏོར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས།
ཁྲི་ཀ་རྫོང་རྨ་ཤར་ཤང་བ་ལི་སྡེ་བའི་མངའ་ཁུལ་གྱི་རི་ལུང་ཀུན་ཏུ་རྩི་ཏོའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་དེར་མཉེན་གཤིས་ཆེ་བས། ཕྱགས་མ་བཟོ་བྱེད་ཀྱི་རང་བྱུང་རྒྱུ་ཆ་སྤུས་ལེགས་ཤིག་ཡིན། ས་གནས་སུ་བེད་མེད་དུ་ལུས་པའི་རང་བྱུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་ཞིང་པའི་ཁོམ་ལོང་གི་དུས་ཚོད་ནུས་ལྡན་ངང་སྤྱད་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དང་མང་ཚོགས་ཀྱི་འབབ་འཕར་ལམ་བུ་རྒྱ་བསྐྱེད་གཏོང་ཆེད།2025ལོ་ནས་བཟུང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐུན་མོང་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། བེད་མེད་དུ་ལུས་པའི་རང་བྱུང་ཐོན་ཁུངས་བེད་སྤྱོད་པ་དང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས་ནས་སྡེ་མིའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཏེ། གྲོང་གསེབ་དར་སྤེལ་ཡོང་བར་གསོན་ཤུགས་གསར་པ་བསྣན་ཡོད།
དགུན་ཐོན་མ་ཐག་ཏུ་ཁྲི་ཀ་རྫོང་རྨ་ཤར་ཤང་བ་ལི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་འཛིན་ཁྱིམ་ཚང་རེ་རེའི་སྒོ་རྩར་སོང་ནས་རྩི་ཏོ་ཉོ་སྒྲུབ་བྱས་ཏེ་དུས་ཚིགས་རྗེས་མའི་ཕྱགས་མ་ཐོན་སྐྱེད་བྱེད་པའི་བྱ་བར་སྔ་མོ་ནས་བཀོད་སྒྲིག་བྱེད་བཞིན་ཡོད།
རྩི་ཏོ་ནི་ལ་བི་སྡེ་བའི་གང་སར་མཐོང་ཐུབ་པའི་རི་སྐྱེས་རྩྭི་ཤིང་ཞིག་ཡིན་ལ། ད་སྔ་སྡེ་བས་ཁྱད་ལྡན་ཐོན་ལས་ལས་སྣོན་ལ་བརྟེན་ནས་གང་སར་སྐྱེས་པའི་རྩི་ཏོ་ནི་སྡེ་མིའི་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་ཏུ་གྱུར་ཡོད།
ཁྲི་ཀ་རྫོང་རྨ་ཤར་ཤང་བ་ལི་སྡེ་བའི་སྡེ་བའི་སྡེ་མི་དགེ་བསྙེན་ཚེ་རིང་གིས་བཤད་རྒྱུར། རྩི་ཏོ་འདི་ང་ཚོའི་སྡེ་བའི་གང་སར་སྐྱེས་ཡོད་པ་དང་། སྔོན་ཆད་ང་ཚོ་རང་གིས་བྲེག་ནས་ཕྱགས་མ་བཟོ་བའམ་ཡང་ན་ཕྱུགས་ཟོག་ལ་བྱིན་པ་ཡིན། ད་ལྟ། རྩི་ཏོ་འདི་བཙོང་ནས་ཡོང་སྒོ་བཙལ་ཐུབ་པས་ཧ་ཅང་བཟང་ཟེར།
ན་ནིང་གི་ཟླ་བརྒྱད་པ་ནས་བཟུང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་སྒོས། ཡུལ་བབ་དང་བསྟུན་པའི་སྒོ་ནས་རྩི་ཏོའི་ཕྱགས་མ་བཟོ་བའི་ཁྱད་ལྡན་ཐོན་ལས་གཉེར་མགོ་བརྩམས་ཤིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་དུ། སྡེ་མི་ཚོས་ལས་བགོས་མཐུན་སྦྱོར་ངང་ཚ་ཚ་འུར་འུར་གྱིས་རྩི་ཏོ་ལས་སྣོན་བྱས་ཏེ། ཚད་ལྡན་གྱི་ཕྱགས་མ་བཟོ་བཞིན་ཡོད་པ་དང་། ཁྱད་ལྡན་ཐོན་ལས་གཉེར་བ་ལས་སྡེ་མིའི་རང་ཁྱིམ་སྒོ་ཁར་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།
ཁྲི་ཀ་རྫོང་རྨ་ཤར་ཤང་བ་ལི་སྡེ་བའི་སྡེ་མི་འཕགས་མོ་ཚེ་རིང་གིས་བཤད་རྒྱུར།སྡེ་བའི་ནང་དུ་ཕྱགས་མ་ལས་སྣོན་བཟོ་གྲྭ་འདི་བཙུགས་རྗེས།ང་རང་ཁོམ་ལོང་གི་སྐབས་སུ་འདིར་ཡོང་ནས་ཞོར་ལས་གཉེར་བ་ཡིན།འདི་རུ་ལས་ཀ་ལས་ན་ཁྱིམ་ལ་བདག་སྐྱོང་བྱེད་ཐུབ་པ་མ་ཟད་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོའང་བཙལ་ཐུབ་པས་ཧ་ཅང་སྟབས་བདེ་ཡིན་ཟེར།
རང་ས་གནས་ལ་གཞི་ཚུགས་ཏེ་ཐོན་ཁུངས་བེད་སྤྱོད་བྱས་པ་བརྒྱུད་དེ།སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཁྱད་ལྡན་ཐོན་ལས་ཆུང་ཆུང་ལ་བརྟེན་ནས། བེད་མེད་དུ་ལུས་པའི་ཐོན་ཁུངས་དེ་མང་ཚོགས་ཀྱི་ཡོང་སྒོ་རུ་བསྒྱུར་བ་དང་། ཐོན་ལས་གཉེར་མགོ་ཚུགས་པ་ནས་བཟུང་། སྡེ་བའི་ལས་བྱེད་པས་སྣེ་ཁྲིད་དེ་རྐང་འཛིན་སྡེ་མི་སྐོར་ཞིག་རྩ་འཛུགས་བྱས་ནས་བཟོ་རྩལ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱས་ཏེ། ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་རིམ་བཞིན་སྐུལ་ཁྲིད་བྱས། ལོ་གཅིག་ལྷག་རིང་གི་འབད་པ་བརྒྱུད་ནས། སྡེ་བའི་ཕྱགས་མའི་བཟོ་རྩལ་རིམ་བཞིན་ཇེ་ལེགས་ཇེ་རྒྱས་སུ་སོང་སྟེ། ཐོན་སྐྱེད་བྱས་པའི་ཕྱགས་མའི་རྒྱུ་སྤུས་བཟང་ལ་སྤྱོད་བདེ་བས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
ཁྲི་ཀ་རྫོང་རྨ་ཤར་ཤང་བ་ལི་སྡེ་བའི་སྡེ་བ་རིམ་པའི་ལས་དོན་ལག་རོགས་པ་དབྱང་ཞའོ་ཆིང་གིས་བཤད་རྒྱུར། ན་ནིང་གི་ཟླ་བརྒྱད་པར་ང་ཚོའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཕྱགས་མའི་བཟོ་གྲྭ་འདི་བཙུགས་པས། སྡེ་མིས་རང་ས་གནས་སུ་རྒྱུ་ཆ་ལེན་ཆོག་ལ།ད་སྔ་ང་ཚོས་རྩི་ཏོ་རྒྱ་མ5000ཉོས་ནས་ཕྱགས་མ1000བཟོས་ཤིང་། དེ་དག་ལས་ཕྱགས་མ400བཙོང་སྟེ་ཡོང་སྒོ་སྒོར་ཁྲི1.5ལ་སླེབས་པས། རང་ས་གནས་སུ་ཡོང་སྒོ་བཙལ་ཐུབ་ཟེར།
མ་རྩ་དམའ་ཞིང་སྤྱོད་སྒོ་ཆེ་བའི་ཁྱད་ལྡན་རྩི་ཏོ་ཐོན་ལས་ཀྱིས་རང་ས་གནས་ཀྱི་ཐོན་ཁུངས་དང་སྡེ་བའི་ངལ་རྩོལ་ནུས་ཤུགས་ལྷག་མ་བེད་སྤྱོད་གང་ལེགས་བྱས་ཏེ། རི་ལུང་གང་སར་ཁྱབ་པའི་རྩི་ཏོ་དེ་དམངས་ཕྱུག་སྡེ་དར་གྱི་ཐོན་ཁུངས་ལེགས་པོར་གྱུར་ཡོད་པ་རེད།