མཚོ་ལྷོ་ཁུལ་གྱིས2026ལོའི་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་འགྲེལ་བཤད་ཀྱི་འགྲན་བསྡུར་ཆེན་མོ་སྤེལ་བ།
ཟླ11པའི་ཚེས24ཉིན། མཚོ་ལྷོ་ཁུལ་གྱི2026ལོའི་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་འགྲེལ་བཤད་ཀྱི་རྟིང་རྩོད་འགྲན་བསྡུར་དེ་ཁུལ་སྨྱན་སྦྱོར་ལྟེ་གནས་ཀྱི་ཚོམས་ཆེན་དུ་སྤེལ། ཁུལ་ཡོངས་ཀྱི་རྫོང་སོ་སོ་ནས་བདམས་པའི་གཞོན་ནུ་ལོ་ཆུང་གིས་མཉམ་དུ་འགྲན་བསྡུར་བྱས་ཏེ། གཞོན་ནུ་ལོ་ཆུང་གི་མཐོང་རྒྱ་དང་སྐད་ཆར་བརྟེན་ནས་ཚན་རིག་དང་སྐྱེ་ཁམས་ཀྱི་གཏམ་རྒྱུད་མི་མང་པོར་ཉན་དུ་བཅུག
གཞུང་དངོས། རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས་སུ་འགྲན་ཞུགས་པ་ཚོས་མིའི་ཐབས་རིག་ནུས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གནོད་འཚེ་སྔོན་འགོག་དང་ཉེན་ཁར་གཡོལ་བ། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ལ་དམིགས་ཏེ། པར་རིས་དང་བརྙན་རིས། དངོས་རྫས་མངོན་སྟོན་བཅས་ལ་བརྟེན་ནས་རྙོག་འཛིང་ཆེ་བའི་ཚན་རིག་གི་རྩ་བའི་རིགས་པ་དེ་གསོན་ཉམས་ལྡན་པའི་འགྲེལ་བཤད་བྱས་པ་དང་། འགྲན་བསྡུར་དེ་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ཚན་ཆུང་གསུམ་ལ་དབྱེ་ནས་མི་སྒེར་གྱི་འགྲེམས་སྟོན་དང་ཚན་རྩལ་རྒྱུན་ཤེས་ཚོད་ལྟ་གཉིས་བརྒྱུད་ནས་བདམས་ཐོན་བྱུང་བའི་ཚན་རིག་གི་བྱང་ཚད་དང་། སྨྲ་བརྗོད་ནུས་པ། གསར་གཏོད་ཀྱི་བསམ་ཕྱོགས་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་རེད། སྔོན་དང་བསྡུར་ན་ད་ལོའི་འགྲན་ཞུགས་པ་མི་ཉུང་བ་ཞིག་གིས་བདམས་པའི་བརྗོད་གཞི་དེ་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་འབྲེལ་བ་ཡོད་པ་དང་། ནུས་ཁུངས་གཙང་མ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ས་གནས་རང་གི་བརྗོད་གཞི་དེ་འགྲེལ་བཤད་བྱ་ཡུལ་དུ་གྱུར་ནས། གཞོན་ནུ་ལོ་ཆུང་ཚོས་རང་ཉིད་ཀྱི་ཁོར་ཡུག་ལ་དམིགས་ནས་མཚོ་ལྷོའི་གཏམ་རྒྱུད་ལེགས་པར་བརྗོད་པ་རེད།
བཅར་འདྲི། གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ་རྡོ་རྗེ་སྒྲོལ་མས་བཤད་རྒྱུར། ཐེངས་འདིའི་ཚན་རིག་ཁྱབ་གདལ་གྱི་འགྲེལ་བཤད་འགྲན་བསྡུར་ཆེན་མོའི་སྟེང་། ངས་བཏུལ་ཐང་གི་ཤེལ་ལེབ་ལ་བརྟེན་ནས་གློག་འདོན་པ་དང་ཕྱུགས་འཚོ་བའི་སྐོར་གྱི་བརྗོད་བྱ་བདམས་ནས་འགྲེལ་བཤད་བྱས་པའི་བརྒྱུད་རིམ་ཁྲོད། མཐོ་སྒང་གི་བློ་སྤོབས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག བྱེ་འགྱུར་གྱི་རྩྭ་ཐང་དེ་ད་ལྟ་ནུས་ཁུངས་གཙང་མ་མཁོ་འདོན་བྱེད་པའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། རྩྭ་ཐང་སླར་གསོ་བྱུང་ནས་ཕྱུགས་ཟོག་འཚོ་སྐྱོང་བདེ་བ་དང་སྐྱེ་ཁམས་སྲུང་སྐྱོང་། གློག་འདོན་ལས་འབབ་འཕར་བྱུང་བ། ཕྱུགས་ལས་འཕེལ་རྒྱས་བཅས་གཅིག་ལས་གཅིག་འཕེལ་བའི་གནས་ཚུལ་མངོན་འགྱུར་བྱུང་ཡོད། འགྲན་བསྡུར་ལ་ཞུགས་སྐབས་ངས་མཚོ་ལྷོའི་ས་གཞི་འདིའི་སྐྱེ་ཁམས་གསང་བ་གང་ལེགས་སྒོས་བརྗོད་པ་ཡིན།འགྲན་བསྡུར་མཇུག་རྫོགས་རུང་ཚན་རིག་ཁྱབ་གདལ་གྱི་གོམ་སྟབས་མཚམས་འཇོག་མི་སྲིད་པ་དང་སླད་ཕྱིན་ངས་ཀྱང་མུ་མཐུད་དུ་བཏུལ་ཐང་གི་གཏམ་རྒྱུད་གང་ལེགས་སྒོས་བརྗོད་ནས། མི་མང་པོ་ཞིག་ལ་མཐོ་སྒང་གི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཚོར་དུ་འཇུག་རྒྱུ་ཡིན་ཟེར།
བཅར་འདྲི། ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་འབྲིང་གི་སློབ་མ་ཕག་མོ་ལྷུན་གྲུབ་ཀྱིས་བཤད་རྒྱུར། ཐེངས་འདིའི་ཚན་རིག་ཁྱབ་གདལ་འགྲན་བསྡུར་ཆེན་མོར་ཞུགས་ནས་ངས་མཐོ་སྒང་གི་སྐྱེ་ཁམས་ཐད་ཀྱི་ཤེས་བྱ་མང་པོ་ཤེས་བྱུང་།《རྨ་ཆུའི་མགོ་ཁུངས་ཀྱི་ནོར་ལུག་དང་རྩྭ་ཐང་མཉམ་གནས་ཀྱི་གསང་བ》ལ་ལྟ་སྐབས་ངས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་རྟོགས་བྱུང་བས། ང་རང་གི་ཕ་ཡུལ་ལ་དེ་བས་ཀྱང་དགའ་ཞེན་སྐྱེས་བྱུང་། ཐེངས་འདིར་རང་ཉིད་ཀྱི་ཤེས་བྱ་ངོམས་པའི་གོ་སྐབས་ལྡན་པས་ཐུགས་རྗེ་ཆེ་ཞུས་པ་ཡིན། སླད་ཕྱིན་ངས་ཚན་རིག་གི་ཤེས་བྱ་མང་ཙམ་སྦྱངས་ནས་རང་ཁུལ་ལ་ནུས་ཤུགས་ཡོད་རྒུས་བྱས་རྗེས་འཇོག་རྒྱུ་ཡིན་ལ། སློབ་གྲོགས་ཚོ་དང་མཉམ་དུ་ཚན་རིག་སྦྱངས་ནས་ཚན་རིག་ལ་གོ་བ་ཟབ་མོ་ལེན་པར་འབད་པ་བྱ་རྒྱུ་ཡིན་ཟེར།
གཞུང་དངོས། འགྲན་རྩོད་དྲག་པོ་བྱས་མཐར། བྱ་དགའ་རིམ་པ་དང་པོ་གསུམ་དང་། བྱ་དགའ་རིམ་པ་གཉིས་པ་གསུམ། བྱ་དགའ་རིམ་པ་གསུམ་པ་གསུམ། ཕུལ་བྱུང་བྱ་དགུ། ཕུལ་བྱུང་མཛུབ་སྟོན་དགེ་རྒན་གཉིས་བཅས་བདམས་ཐོན་བྱུང་ཡོད།
2026ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཚུགས་པའི་ལོ་ཡིན་ལ། མཚོ་ལྷོ་ཁུལ་གྱིས་ཚན་རྩལ་ཁྱབ་གདལ་གཏིང་ཟབ་དུ་སྤེལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བཏུལ་ཐང་གི་འོད་ནུས་ཤེལ་ལེབ་ནས་རྨ་ཆུའི་མགོ་ཁུངས་ཀྱི་རྩྭ་སའི་བར་དང་། སློབ་ཁང་དུ་འགྲེལ་བཤད་བྱེད་པ་ནས་ཚན་རྩལ་ཁྱབ་གདལ་གྱི་འགྲེལ་བཤད་འགྲན་བསྡུར་ཆེན་མོ་སྤེལ་བའི་བར་དེ་ནི་འགྲན་བསྡུར་གྱི་གར་སྟེགས་ཤིག་ཡིན་པར་མ་ཟད་སློབ་མ་སྐྱེད་སྲིང་གི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན་པས། ཚན་རིག་སློབ་པ་དང་ཚན་རིག་ལ་དགའ་བ། ཚན་རིག་བེད་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས་མཐོ་སྒང་གི་གཞོན་ནུ་ལོ་ཆུང་གི་སེམས་སུ་ཚན་རིག་གི་འདུ་ཤེས་འཇགས་པར་བྱས་ཡོད།