དོན་གྲུབ་ཀྱིས་ཁུལ་སྲིད་གྲོས་སུ་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་གྲོས་མོལ་བྱས་པ།
ཟླ11པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཁུལ་སྲིད་གྲོས་སུ་རྟོག་ཞིབ་ཏུ་ཕྱིན་ནས་ལས་བྱེད་ལས་བཟོ་བར་འཚམས་འདྲི་གནང་སྟེ། ཁུལ་སྲིད་གྲོས་ཀྱིས་དུས་ཡུན་རིང་པོའི་ནང་ཁུལ་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། སྲིད་གྲོས་ཨུ་ཡོན་དང་ལྷན་དུ་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་གྲོས་གཞི་གཙོ་བོར་དམིགས་ནས་གྲོས་མོལ་གཏམ་བཤད་ཀྱང་གནང་བ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཡན་རྟོག་ཞིབ་ཁྲོད་ཞུགས།
ཁུལ་སྲིད་གྲོས་སུ་དོན་གྲུབ་ཀྱིས་སྔ་རྗེས་སུ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་སོགས་སུ་རྟོག་ཞིབ་གནང་སྟེ། སྲིད་གྲོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་འགན་སྒྲུབ་སྟེགས་བུའི་འཛུགས་སྐྲུན། འབྲེལ་ཡོད་བྱ་བའི་བསྒྲུབས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་བཞུགས་མོལ་གཏམ་བཤད་གནང་བ་རེད། ཁོས་ཁུལ་སྲིད་གྲོས་ཀྱིས་གྲོས་མོལ་གཅིག་མཐུན་དང་གྲོས་མོལ་ལས་སྒྲུབ་མཐའ་འཁྱོངས་བྱས་ནས་རིམ་པ་མི་འདྲ་བའི་གྲོས་མོལ་སྲིད་གླེང་བྱས་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་འདོན་དང་བྱ་བའི་ལེགས་བཅོས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་གལ་ཆེན་མཁོ་འདོན་བྱས་ཤིང་། སྲིད་གྲོས་ཀྱི་འགན་འཁྲི་དང་སྲིད་གྲོས་ཀྱི་སྟོབས་ཤུགས་ཕུལ་བ་མཚོན་ཡོད་པ་དང་། ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་དང་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་ལ་རྒྱབ་སྐྱོར། སྲིད་གྲོས་ཀྱི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས། ཁྲིམས་ལྟར་ཐབས་ཇུས་ཀྱི་ཆུ་ཚད་བཅས་མཐོ་རུ་བཏང་ནས་སྲིད་གཞུང་གི་བྱ་བ་ཁག་སྔར་ལས་ཡག་པོར་བསྒྲུབ་རྒྱུ་ཡིན་པ་བསྟན། དེའི་རྗེས་སུ་དོན་གྲུབ་སྲིད་གྲོས་ཨུ་ཡོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཡན་གྱིས་ཚོགས་འདུར་མགོ་འཛིན་གནང་བ་རེད། ཚོགས་འདུ་ལས་ཁུལ་སྲིད་གྲོས་ཀྱིས་ཞིང་ཕྱུགས་ལས་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་གྱི་གྲོང་གསེབ་དར་སྤེལ་དུ་གཏོང་བའི་ལག་ལེན་དང་ཐབས་ལམ་སྐོར་གྱི་གྲོས་མོལ་སྙན་ཞུ་ཁྱབ་སྒྲོག་བྱས་པ་དང་། ཚོགས་ཞུགས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་ཁེ་ལས་ཀྱི་འགན་འཁུར་བའི་འཐུས་ཚབ་པའི་བྱ་བར་ཟུང་འབྲེལ་བྱས་ནས་གནད་དོན་དང་གྲོས་མགོ་བཏོན་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་ལན་སློག་པ་རེད། དོན་གྲུབ་ཀྱིས་གྲོས་མོལ་སྙན་ཞུ་ལས་རྟོག་ཞིབ་གཏིང་ཟབ་དང་སྤྱི་ཡོངས་དབྱེ་ཞིབ། གྲོས་འདོན་གནད་འཁེལ་བཅས་བྱས་པར། སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་དང་གྲོས་མགོར་དམིགས་སའི་རང་བཞིན་ཆེ་བ་དང་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་པ། ཁུལ་སྲིད་གཞུང་གིས་ཞིབ་འཇུག་རིགས་དགར་དང་བསྡུ་ལེན་དང་ལེན་གང་ལེགས་བྱས་ཏེ། གྲོས་མོལ་གྲུབ་འབྲས་དེ་བྱ་བ་ལེགས་སྒྲུབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་སུ་བསྒྱུར་རྒྱུ་ཡིན་ཞེས་བསྟན།
དོན་གྲུབ་ཀྱིས་ཞིང་ཕྱུགས་ལས་ནི་རང་ཁུལ་གྱི་སྲོལ་རྒྱུན་ཐོན་ལས་དང་ཁྱད་ལྡན་ཐོན་ལས། དམངས་ཕྱུག་ཐོན་ལས་བཅས་ཡིན་ལ། སྐྱེ་ཁམས་སྲུང་སྐྱོང་གཙོ་བོར་འཛིན་པ་མཐའ་འཁྱོངས་ཀྱིས་རྩྭ་ཕྱུགས་དོ་སྙོམས་དང་ཚན་རྩལ་ནུས་སྩོལ། སྤུས་རྟགས་བསྐྲུན་པ། ཁེ་ཕན་མཉམ་འབྲེལ་སོགས་བརྒྱུད་རིམ་དམ་འཛིན་ལེགས་པོ་བྱས་ཏེ། སྤུས་ཚད་མཐོར་གཏོང་དང་གྲངས་ཚད་བརྟན་པོ། སྦྲེལ་ཐག་འབྲེལ་མཐུད། སྐྱེལ་འདྲེན་རྒྱ་སྐྱེད་བཅས་ཀྱི་ཐབས་ལམ་སྤྱད་ནས། ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་འགྲན་རྩོད་ཀྱི་དགེ་མཚན་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ཏེ། ནོར་གནག་དང་བོད་ལུག རྩྭ་ལས་བཅས་ཡག་པོ་གཉེར་ནས་ཐོན་ཁུངས་གསབ་རེས་དང་མཐུན་སྦྱོར་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སོན་རྒྱུའི་ཐོན་ཁུངས་བསྡུ་རུབ་དང་གསལ་འབྱེད་སྲུང་སྐྱོང་། རྒྱུད་སྤེལ་ཁྱབ་གདལ་བཅས་གཞི་གཅིག་ཅན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོན་སློབ་ཞིབ་སྤྱོད་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་གཏིང་ཟབ་ཏུ་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་ནུས་སྩོལ་ལ་བརྟེན་ནས་ཐོན་ལས་རིམ་སྤར་བྱ་དགོས། རྩྭ་སོན་གསོ་སྤེལ་དང་གཟན་རྩྭའི་ལས་སྣོན། གཟན་ཆས་ཞིབ་འཇུག་གསར་སྤེལ་བཅས་ཀྱི་སྦྲེལ་ཐག་འཐུས་ཚང་དུ་བཏང་སྟེ། རྩྭ་ཕྱུགས་ཀྱི་འགལ་བ་འབྱུང་རྩ་ནས་སེལ་ནས་ཕྱུགས་ལས་ཀྱི་རྨང་གཞི་བརྟན་པོར་གཏོང་དགོས། ཕྱོགས་བསྡུས་ལས་སྣོན་རྟེན་གཞི་འཛུགས་སྐྲུན་དང་ལས་སྣོན་ཞིབ་ཚགས་ཀྱི་སྦྲེལ་ཐག་བསྲིང་བ། སྣ་མང་ཟུར་སྣོན་གྱི་རིན་ཐང་མཐོ་བའི་ཐོན་རྫས་གསར་སྤེལ་བཅས་བྱས་ཏེ། ཐོན་ལས་སྦྲེལ་ཐག་གི་ཟུར་སྣོན་རིན་ཐང་དང་ཕྱོགས་བསྡུས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྤུས་རྟགས་དབང་སྤྲོད་དང་བེད་སྤྱོད་ལྟ་སྐུལ། འགུལ་རྣམ་ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་གྱི་ས་ཁམས་མཚོན་རྟགས་ཁས་ལེན་ངོས་འཛིན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། སྦྲེལ་ཐག་ཧྲིལ་པོའི་སྤུས་ཚད་དོ་དམ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྱད་ལྡན་ཐོན་རྫས་མཉམ་འབྲེལ་གྱི་ལམ་ནས་ཞིང་ཆེན་ཕྱི་ནང་གི་ཁྲོམ་ར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཚོང་གཉེར་གཙོ་གཞི་དང་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅས་དར་སྤེལ་དུ་གཏོང་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་ཉེན་འགོག་ནུས་པ་ཆེ་རུ་བཏང་སྟེ་ཐོན་ལས་དར་སྤེལ་གྱི་གྲུབ་འབྲས་ལས་རོང་འབྲོག་མང་ཚོགས་ལ་ཕན་པ་སྔར་བས་མང་བ་ཐོབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
དོན་གྲུབ་ཀྱིས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དོན་ཚན་རེ་རེ་བཞིན་ལེགས་སྒྲིག་དབྱེ་འབྱེད་བྱེད་པ་དང་། བྱ་བའི་རྩིས་ཁྲ་བཟོ་བ། སྤྱོད་འཐུས་གྲོས་མགོ་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་སོ་སོའི་ནང་དུ་བསྡུ་བ། འགན་འཁྲི་ཁ་གསལ་བཟོ་བ་དང་བྱེད་ཐབས་དོན་འཁྱོལ། ལེགས་འགྲུབ་དུས་ཡུན་བཅས་ཁ་གསལ་བཟོས་ནས། རྒྱུན་རྣམ་ཅན་གྱིས་བཀོད་གཏོང་སྐུལ་སྒྲུབ་བྱས་ཏེ་གྲོས་མོལ་གྱི་བློ་གྲོས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་དགོས་པའི་བླང་བྱ་བཏོན།
ལིའུ་ཡན་གྱིས་རྫོང་སོ་སོའི་སྡེ་ཁག་གིས་ཐེངས་འདིའི་གྲོས་མོལ་ལས་བྱུང་བའི་བསམ་འཆར་དང་གྲོས་མགོ་ནན་ཏན་སྒོས་བསྡུ་ལེན་བྱས་ཏེ། ཞིང་ཕྱུགས་ལས་ཐོན་ལས་སྦྲེག་ཐག་དེང་རབས་ཅན་དུ་འགྱུར་བར་དམ་འཛིན་བྱས་ནས། ཐོན་ཁུངས་ཀྱི་དགེ་མཚན་དེ་གྲོང་གསེབ་དར་སྤེལ་གྱི་སྒུལ་ནུས་དང་ཞིང་ཕྱུགས་འབབ་འཕར་གྱི་གྲུབ་འབྲས་ལ་བསྒྱུར་དགོས། སྲིད་གྲོས་ཀྱི་འབྲེལ་མཐུད་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས། རྒྱུན་རྣམ་ཅན་གྱིས་གྲོས་མགོ་དང་རེ་འདུན་གསར་པ་བསྡུ་རུབ་ལེགས་པོ་བྱས་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་བློ་གྲོས་འབུལ་དགོས་ཞེས་རེ་བ་བཏོན།
ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ་དང་བཀྲ་ཤིས་ཕུན་ཚོགས། མཱ་ཞའོ་ཝེ། བསོད་ནམས་སྐྱིད། ལི་ཀུའོ་ཧྲེང་བཅས་རྟོག་ཞིབ་ཁྲོད་ཞུགས།