《བསླབ་གཞི་དོ་དམ་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》ལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་བྱས་པ་ལྟར་ན། ཉེ་ཆར་སློབ་གསོ་པུས《བསླབ་གཞི་དོ་དམ་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》ལ་སྤྱི་ཚོགས་ཡོངས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།
སྲོལ་ཡིག་གི་བསམ་འཆར་བསྡུ་ལེན་མ་ཟིན་བཏོན་པའི་རྒྱབ་ལྗོངས་སྐོར་ལ། སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱེད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་བསླབ་དེབ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་ཕྱིན་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། བསླབ་གཞིའི་ལས་དོན་གྱིས་ཁྲིམས་སྐྱོང་གི་རྩ་བ་སྲ་བརྟན་དུ་གཏོང་བ་དང་། སྔོན་དཔག་སྲ་བརྟན་དུ་གཏོང་བ། ཡུན་རིང་ལ་ཕན་པ་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་། མཐུན་སྦྱོར་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བསླབ་གཞིའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་དང་སྤུས་ཚད་མཐོ་བའི་བསླབ་གཞིའི་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། ཡུན་རིང་ལག་ལེན་བྱས་པ་བརྒྱུད། བསླབ་གཞིའི་ལས་དོན་ཐད་སྤྱོད་གོ་ཆོད་པའི་བྱེད་ཐབས་མང་པོ་གསོག་འཇོག་བྱས་ཡོད་པས། གནད་སྨིན་འཐུས་ཚང་དང་ནུས་ལྡན་གྱི་སྲིད་ཇུས་བྱེད་ཐབས་དང་ལག་ལེན་ཉམས་མྱོང་དེ་ཁྲིམས་སྲོལ་ལམ་ལུགས་སུ་འགྱུར་བར་བྱེད་པའི་དགོས་པ་ཡོད་པ་དང་། ཁྲིམས་འཛུགས་བྱེད་པ་བརྒྱུད་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས། བསླབ་གཞིའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས།
ངོ་སྤྲོད་བྱས་པར་གཞིགས་ན། སྲོལ་ཡིག་གི་བསམ་འཆར་བསྡུ་ལེན་མ་ཟིན་ནང་ཀྲུང་གོའི་ཁྱད་ཆོས་དང་སྤུས་ཚད་མཐོ་བའི་བསླབ་གཞིའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཞབས་ཞུའི་འདེགས་སྐྱོར་དེ་བསླབ་གཞིའི་ལས་དོན་གྱི་དོན་དངོས་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཤིང་། ནང་དོན་ཧྲིལ་པོར་ཁྱོན་ལེའུ8དང་དོན་ཚན67ཡོད་པ་དེའི་ནང་གཙོ་བོ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། བསླབ་གཞིའི་ལས་དོན་མ་ལག་འཐུས་ཚང་དུ་གཏོང་བ། འབྲེལ་ཐག་ཧྲིལ་པོའི་དོ་དམ་ཚད་ལྡན་དུ་གཏོང་བ། བསླབ་གཞིའི་སྤུས་ཚད་བླང་བྱ་གཟབ་ནན་དུ་གཏོང་བ། རྒྱབ་སྐྱོར་དང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། བསླབ་གཞིའི་དོ་དམ་གྱི་བཅའ་ཁྲིམས་ཚད་ལྡན་བཟོ་རྒྱུ་རེད།
སྲོལ་ཡིག་གི་བསམ་འཆར་བསྡུ་ལེན་མ་ཟིན་ཞིབ་བཟོ་བྱེད་རིང་། བཅའ་ཁྲིམས་དང་སློབ་གསོའི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་རྒན་པ་མང་པོ་ཞུགས་ཏེ། བརྟག་ཞིབ་རྒྱ་ཁྱབ་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་ཕྱོགས་སོ་སོའི་བསམ་འཆར་གང་ལེགས་ཉན་ཏེ། བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་། ཚོད་སྐོར་དང་ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་ལག་བསྟར་ནན་མོ་བྱས་ནས། ལམ་ལུགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཆེ་རུ་བཏང་ཡོད་པ་རེད། །