2026ལོའི་རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པའི་རྒྱུད་ཀྱི་ཞིང་ཆེན་དགུའི་རྨ་ཆུའི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་དེ་གུང་ཧོ་རྫོང་དུ་སྤེལ།
ཟླ11པའི་ཚེས23ཉིན། 2026ལོའི་རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པའི་རྒྱུད་ཀྱི་ཞིང་ཆེན་དགུའི་རྨ་ཆུའི་རིག་གནས་དང་མི་རིགས་ཤུལ་བཞག་རིག་གནས་མཉམ་དུ་དར་སྤེལ་དང་རྒྱུན་འཛིན་བྱེད་ཅེས་པའི་གུང་ཧོ་རྫོང་གི་དགུན་དཔྱིད་དུས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་དང་མཚོ་སྔོན་པོ་རྟགས་མའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སྐབས་གཉིས་པ་དེ་མཚོ་སྔོན་པོ་ཐང་ཆེན་དུ་སྤེལ་མགོ་བརྩམས་ཤིང་། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དགུའི་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ཀྱི་ཕུལ་བྱུང་ལེ་ཚན་འཁྲབ་སྟོན་དེའང་དུས་མཉམ་དུ་སྤེལ་བ་དང་། རྨ་ཆུ་བརྒལ་བའི་རིག་གནས་ཀྱི་བྱ་འགུལ་ཞིག་དངོས་སུ་མགོ་བརྩམས་པ་རེད།
ཐེངས་འདིའི་བྱ་འགུལ་ལས་རྨ་ཆུའི་རིག་གནས་དང་མི་རིགས་ཤུལ་བཞག་རིག་གནས་མཉམ་དུ་དར་སྤེལ་དང་རྒྱུན་འཛིན་བྱེད་ཅེས་པ་བརྗོད་དོན་དུ་བཟུང་སྟེ། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དགུའི་རིག་གནས་ཀྱི་འབྲེལ་འདྲིས་བརྒྱུད་ནས་ས་གནས་སོ་སོའི་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་རིག་རྩལ་ལས་དོན་པ་གནས་གཅིག་ཏུ་འཛོམས་ཏེ། རྨ་ཆུའི་བཞུར་རྒྱུད་དུ་ལུས་པའི་ཤུལ་བཞག་རིག་གནས་དེ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་འགྲེམ་སྟོན་བྱས། འཁྲབ་སྟོན་གྱི་ལེ་ཚན་རེ་རེར་ཁྱད་ཆོས་ལྡན་ལ། ས་ཁོངས་མི་གཅིག་པའི་ལོ་རྒྱུས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་བློ་གྲོས་མངོན་ཐུབ་པས། སྣ་མང་རིག་གནས་མཉམ་འདྲེས་ལས་རྨ་ཆུའི་རིག་གནས་མཉམ་འདུ་དང་ཐུན་མོང་དར་སྤེལ་གྱི་རྣམ་པ་མཚོན་ཡོད།
སྲོལ་རྒྱུན་མདའ་འཕེན་ནི་མདོ་དབུས་མཐོ་སྒང་དུ་དུས་ཡུན་རིང་པོའི་རིང་རྒྱུན་འཛིན་དང་དར་སྤེལ་བྱས་པའི་མི་རིགས་ཤུལ་བཞག་རིག་གནས་ཀྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། མཚོ་སྔོན་པོ་རྟགས་མའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སྐབས་གཉིས་པའི་འགྲན་ཞུགས་པ་རྣམས་ཀྱིས་མདའ་རྩལ་ལ་བརྟེན་ནས་གནའ་བོའི་དམངས་སྲོལ་རྒྱུན་འཛིན་དང་མི་རིགས་ཀྱི་བསམ་བློའི་རྣམ་པ་མངོན་ཏེ། ཤུལ་བཞག་རིག་གནས་དེ་བཤམས་སྟོན་ཁང་ནས་འགྲན་རར་ཕྱོགས་ནས་མང་ཚོགས་ཀྱི་ཟབ་ཞུགས་ཁྲོད་དར་སྤེལ་བཏང་།
ཐེངས་འདིའི་བྱ་འགུལ་ནི་ཤུལ་བཞག་རིག་གནས་གཅིག་སྡུད་ཀྱིས་འགྲེམས་སྟོན་བྱས་པ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན། བྱ་འགུལ་ལས་དགུན་དཔྱིད་དུས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་སྟེགས་བུར་བརྟེན་ཏེ། རིག་གནས་འབྲེལ་ཐག་དང་ལུས་རྩལ་གཞི་རྟེན་དུ་བྱས་ནས་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དབར་གྱི་འབྲེལ་ལམ་བཙུགས་ཏེ། རྨ་ཆུའི་རིག་གནས་དང་མཚོ་སྔོན་པོའི་རིག་གནས་ཀྱི་དུས་རབས་རིན་ཐང་མཚོན་པར་བྱས་ཡོད།
རྗེས་མར་བྱ་འགུལ་ལས་རིག་གནས་འབྲེལ་འདྲིས་དང་མང་ཚོགས་ཀྱི་འགྲན་བསྡུར་བསྟུད་མར་སྤེལ་ཏེ། རྨ་ཆུའི་རིག་གནས་མྱོང་རོལ་དང་ཤུལ་བཞག་རིག་གནས་རྒྱུན་འཛིན་དར་སྤེལ་དུ་གཏོང་རྒྱུ་ཡིན་པར་མ་ཟད། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ནས། གུང་ཧོའི་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་གྱི་རྣམ་པ་བཟང་བོ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། རྨ་ཆུའི་རྒྱུད་ཀྱི་རིག་གནས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ལ་རིག་གནས་ཀྱི་ཟུང་ཤུགས་སྩོལ་རྒྱུ་རེད།