ཀོས་ནན་རྫོང་ཐར་ཤུལ་སྡེ་བས་ཏང་འཛུགས་ལ་བརྟེན་ནས་འཆམ་མཐུན་གྱི་རྣམ་པ་གསར་པ་བསྐྲུན་པ།
ད་ལོའི་ཚུན་ལ་ཀོས་ནན་རྫོང་ཐར་ཤུལ་ཤང་ཐར་ཤུལ་སྡེ་བས་ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་བཟུང་སྟེ། གཞི་རིམ་བཅོས་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན། ཤང་སྲོལ་དར་སྤེལ། འཇོན་མི་སྐྱེད་སྲིང་བཅས་ལ་ནུས་པ་བཏོན་ཏེ། འབྲོག་ཁུལ་གྱི་བཅོས་སྐྱོང་རྣམ་པ་ཇེ་ལེགས་དང་མི་སྡོད་ཁོར་ཡུག་ལེགས་བཅོས། དཔལ་ཡོན་ཤང་སྲོལ་དར་སྤེལ་བཅས་བྱས་ནས། མཐོ་སྒང་གི་རོང་འབྲོག་ཁུལ་དུ་གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་གསར་པ་རྒྱས་ཡོད།
ཀོས་ནན་རྫོང་ཐར་ཤུལ་སྡེ་བ་ནི་ཞིང་ཕྱུགས་ཟུང་འབྲེལ་ཅན་གྱི་མཐོ་སྒང་གི་དཔེ་མཚོན་སྡེ་བ་ཞིག་ཡིན་ཞིང་། ཅན་བཅུའི་ཏང་འཛུགས་བྱ་བའི་སྒྲིག་གཞིར་བརྟེན་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྣེ་ཁྲིད་དེ་སྡེ་བ་རིམ་པའི་བཅོས་སྐྱོང་དམ་འཛིན་དང་། གཏན་འགོག་ལྔ་དང་དམ་བཅའ་གཅིག་གི་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པ་མ་ཟད། སྐར་གསོག་ལམ་ལུགས་བེད་སྤྱོད་གང་ལེགས་བྱེད་པ་དང་། 7531གི་བྱ་བའི་བྱེད་ཐབས་ཀྱིས་སྡེ་བ་རིམ་པའི་ལས་དོན་ཚད་ལྡན་དུ་བཏང་བ་དང་། སྡེ་དམངས་ཀྱི་གྲོས་བསྡུར་ཚོགས་ཆེན་དང་ཁྱིམ་ཚང་རེ་རེར་སོང་ནས་གྲལ་བཤེར་བྱེད་པ། ཏང་ཡོན་གྱིས་མིག་དཔེ་སྟོན་པ་བཅས་བརྒྱུད་ནས། སྲོལ་རྙིང་ལེགས་སྒྱུར་བྱ་བ་རྒྱུན་རྣམ་ཅན་གྱིས་སྤེལ་བར་སྐུལ་འདེད་བྱས་ཏེ། སློང་རྟེན་མཐོ་བ་དང་ཆུད་ཟོས་སུ་གཏོང་བ། འགྲན་སེམས་ཆེ་བ་སོགས་ཀྱི་སྲོལ་ངན་ལེགས་སྒྱུར་བྱས་པས། 2015ལོ་ནས་བཟུང་སྡེ་བ་ཡོངས་སུ་ཉེས་དོན་གྱོད་གཞི་གཅིག་ཀྱང་མ་བྱུང་བར་ཁྱིམ་མཚེས་འཆམ་མཐུན་དང་དཔལ་ཡོན་དཔེ་ལེགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ཀོས་ནན་རྫོང་ཐར་ཤུལ་ཤང་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་སྐྱབས་ཀྱིས་བཤད་རྒྱུར། ང་ཚོའི་ཐར་ཤུལ་སྡེ་བས་དུས་དང་རྣམ་པ་ཀུན་ཏུ་ཏང་འཛུགས་ལ་བརྟེན་ནས་བཅོས་སྐྱོང་དམ་འཛིན་དང་། སྡེ་སྲོལ་ལ་བརྟེན་ནས་སྲོལ་བཟང་བཙུགས་པ་ཡིན། 1996ལོར་སྡེ་སྲོལ་དམངས་ཆིངས་གཏན་ལ་ཕབ་པ་ནས2015ལོར་གཏན་འགོག་ལྔ་དང་དམ་བཅའ་གཅིག་འཐུས་ཚང་དུ་བཏང་བའི་བར་དང་། དེ་ནས་སྐར་གསོག་ལམ་ལུགས་དང7531བྱ་བའི་བྱེད་ཐབས། བདུན་བཟང་སྡེ་མི་དཔྱད་འདེམས་བྱེད་པའི་བར། སྡེ་བའི་ནང་གི་དོན་དག་ཆེ་མ་ཆུང་གསུམ་རིམ་བཞིན་ཚད་ལྡན་དུ་བཏང་ཡོད། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཀྱིས་རང་འགུལ་སྒོས་སློང་རྟེན་མཐོ་བ་དང་ཆུད་ཟོས་སུ་གཏོང་བ་སོགས་སྲོལ་ངན་རྩ་བ་ནས་བསྒྱུར་ཏེ། ལོ་མང་པོར་ཉེས་དོན་གྱོད་གཞི་གཅིག་ཀྱང་མ་བྱུང་བའི་སྣང་ཚུལ་ལེགས་པོས་སྡེ་བའི་འབབ་འཕར་ཕྱུག་འགྱུར་གྱི་རྨང་གཞི་བརྟན་པོར་བཏང་ཡོད་ཟེར།
སྡེ་སྲོལ་ལེགས་སྒྱུར་བྱེད་པའི་རྨང་གཞིའི་སྟེང་ཐར་ཤུལ་སྡེ་བས1532ཀྱི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་བའི་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ། དུས་རྒྱུན་དུ་སྡེ་བའི་རྣམ་པ་ལེགས་བཅོས་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་བྱས་ཤིང་། ཁྱིམ་ཚང་རེ་རེ་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་འགུལ་ནང་དུ་ཞུགས་ཏེ། ར་སྐོར་གྲལ་དག་ཞིང་སྡེ་བའི་རྣམ་པ་གསར་སྒྱུར་བྱས་པས་ཁྱིམ་ཚང་མང་པོ་ཞིག་རྫོང་རིམ་པའི་དཔེ་ལེགས་ཁྱིམ་ཚང་ལ་བདམས་པ་དང་། དུས་མཚུངས་སུ་ཐར་ཤུལ་སྡེ་བས་ཁོར་ཡུག་བཅོས་སྐྱོང་དང་ཤང་སྲོལ་དཔལ་ཡོན་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། ཏང་ཡོན་གྱིས་མིག་དཔེ་སྟོན་པ་དང་མང་ཚོགས་ཡོངས་ཞུགས་པའི་བྱེད་ཐབས་ལ་བརྟེན་ནས། རྩྭ་སར་དོ་དམ་དང་ར་སྐོར་བཅོས་སྐྱོང་། སྡེ་བའི་རྣམ་པ་ལེགས་སྒྱུར་སོགས་ཀྱི་ལས་དོན་སོ་སོ་དུས་རྒྱུན་དུ་སྐུལ་འདེད་བྱས་པ་མ་ཟད། ཞིབ་ཕྲ་ཅན་གྱི་བཅོས་སྐྱོང་ལ་བརྟེན་ནས་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་གྱི་གྲུབ་འབྲས་མུ་མཐུད་དུ་བརྟན་པོར་བཏང་ནས། དཔལ་ཡོན་སྲོལ་བཟང་དེ་རྩྭ་ཐང་གི་གང་སར་ཁྱབ་པར་བྱས་ཡོད།
ཀོས་ནན་རྫོང་ཐར་ཤུལ་ཤང་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ལྷ་སྲུང་སྐྱབས་ཀྱིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་། སྡེ་མིའི་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་གཙང་སྦྲའི་འདུ་ཤེས་སྔར་ལས་ཇེ་ལེགས་སུ་སོང་སྟེ། ཁྱིམ་ཚང་རེ་རེའི་ར་སྐོར་གྲལ་དག་ཅིང་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་ཚོས་དཔེ་ལེགས་ཁྱིམ་ཚང་དཔེ་སྟོན་དུ་བཟུང་སྟེ། ཡུལ་མི་སྤུན་ཟླ་ཡོངས་ཀྱིས་གཞིས་ཁྱིམ་ལ་གཅེས་སྤྲས་དང་རྩྭ་ཐང་སྲུང་སྐྱོང་བྱས་ཏེ་འཆམ་མཛེས་གྲོང་གསེབ་མཉམ་བསྐྲུན་བྱེད་པར་སྐུལ་སློང་བྱས་པ་ཡིན་ཟེར།
ད་ལྟ་ཐར་ཤུལ་སྡེ་བའི་ཏང་འཛུགས་ཀྱི་རྨང་གཞི་བརྟན་ལ་གཞི་རིམ་བཅོས་སྐྱོང་གི་གྲུབ་འབྲས་བཟང་བ། མི་སྡོད་ཁོར་ཡུག་མཛེས་ཤིང་སྐྱིད་པ། ཤང་སྲོལ་དཔལ་ཡོན་གྱི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད་ལ། རྗེས་ཕྱོགས་ཐར་ཤུལ་སྡེ་བས་མུ་མཐུད་དུ་ཏང་འཛུགས་ཀྱི་རྨང་གཞི་བརྟན་པོར་གཏོང་བ་དང་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བར་དམིགས་ནས། སྡེ་བ་རིམ་པའི་བཅོས་སྐྱོང་མ་ལག་འཐུས་ཚང་དང་དཔེ་སྟོན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྒུལ་ནུས་བསྩལ་ཏེ། མཐོ་སྒང་འབྲོག་ཁུལ་དུ་མཐུན་སྒྲིལ་དང་།འཆམ་མཐུན།བདེ་སྐྱིད་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཁྱད་ལྡན་མིང་བྱང་ཞིག་གཏོད་པར་མུ་མཐུད་དུ་འབད་པ་བྱ་རྒྱུ་རེད།