གཙོ་གནད།2 详情

ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་གནང་།

 ཟླ11པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་གནང་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ཅེས་པར་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ160འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས།  སྐུ་ཞབས་སུན་ཀྲུང་ཧྲན་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱས་ནས། ཏང་ཕྱིའི་ཤེས་ལྡན་པ་དང་སྤྱི་ཚོགས་ཀྱི་རིམ་པའི་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་བསྒྲུབ་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་མཐུད་ནུས་པ་འདོན་སྤེལ་བྱས་ནས། ཞིང་ཆེན་ཕྱི་ནང་གི་རིམ་པ་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུང་ཧྲན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མཚོ་ལྷོ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ཁྲོད་འགྲིམ་འགྲུལ་གྱི་མ་ལག་སྔོན་ལ་བཀོད་སྒྲིག་བྱེད་པའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། གུང་ཧོ་གནམ་གྲུ་ཐང་གི་འཁོར་སྐྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། མཚོ་སྔོན་པོའི་དགུན་དུས་ཡུལ་སྐོར་འགན་ལེན་བྱ་བར་སྤྱི་འདོམས་ཡག་པོ་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་སྤུས་ལེགས་ལྗང་གློག་གི་ཐོན་ཁུངས་ལ་བརྟེན་ནས་རྩིས་གློག་མཉམ་འདྲེས་དང་ལྗང་རྩིས་ནུས་སྤྲོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

    ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་ལ་སྔར་བས་ཤུགས་སྣོན་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ས་གནས་ཁག་དང་སྡེ་ཁག་སོ་སོས་ཏང་འཛུགས་བསམ་བློ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བྱས་ཏེ། ཁུལ་གཏོགས་རྒྱལ་དབང་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས། ཏང་འཛུགས་བྱ་བ་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་འཛུགས་ཀྱི་དགེ་མཚན་དེ་ཁེ་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས་ཞེས་བསྟན།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཁྲིམས་ཁང་གི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་མི་དམངས་ཁྲིམས་ཁང་གི་བྱ་བ་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཤིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཏང་གི་ཁྲིམས་འཛིན་བྱ་བའི་འགྱུར་མེད་མགོ་ཁྲིད་ལ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་འདྲི་གཅོད་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། གཏུག་བཤེར་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་གཏུག་བཤེར་ཁུར་པོ་ཇེ་ཡང་དུ་གཏོང་དགོས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ལད་ཟློས་ཁྲིམས་རར་བརྟེན་ནས་དེ་གྱོད་གཞིའི་འགྲེལ་བཤད་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོ་བསྐངས་ནས། འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

 ཚོགས་འདུ་ལས་ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ཅེས་པར་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དམ་འཛིན་ནན་མོ་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ནས། ཏང་གི་ཁྱོན་ཡོངས་ཀྱི་བྱ་བའི་འཛིན་སྐྱོང་དང་ཕྱོགས་སོ་སོའི་མཐུན་སྦྱོར་གྱི་མགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དམངས་གཙོའི་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ལམ་ལུགས་ལྟར་དབང་ཆ་སྤྱོད་པ་དང་གོ་རིམ་ལྟར་བྱ་བ་སྒྲུབ་པ། སྙན་སེང་དགོངས་ཞུའི་ལམ་ལུགས་ཀྱི་ལག་བསྟར་ཚད་ལྡན་དུ་གཏོང་བ། གནད་དོན་གལ་ཆེན་གྱི་ཐད་བསམ་བློ་གཅིག་གྱུར་དང་ལས་འགན་གལ་ཆེན་གྱི་ཐད་མཉམ་ཤུགས་འདོན་པ། བྱ་བ་བསྒྲུབ་པར་དོ་དམ་བྱེད་མཁན་ཡོད་པ་དང་མི་ཚང་མར་ཆེད་འགན་ཡོད་པ་བཅས་བྱས་ཏེ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་འགན་ལེན་མཐའ་གཅིག་ཏུ་བྱ་དགོས། སྤྱོད་ཚུལ་དང་སྒྲིག་ཁྲིམས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས་ཏེ། ཚན་ཁག་གི་ཁོངས་མིས་མཐུན་སྒྲིལ་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པར་སྣེ་ཁྲིད་པ། གོང་གིས་འོག་ལ་སྣེ་ཁྲིད་དེ་དམ་པ་དོན་གཉེར་བཅས་བྱས་ནས་སྤྱོད་གཙང་དྲང་གཞག་གི་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས2026ལོའི་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་གྱིས་འཁུར་བ་དང་འབད་འབུངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་གི་བྱ་བ་ཁག་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དུ་དམ་འཛིན་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་སྔོན་ཐོན་དང་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འབྲེལ་ཐག་དམ་འཛིན་བྱས་ནས་རིམ་པ་བཞིན་འགན་འཁྲི་བརྒྱུད་སྤྲོད་བྱེད་པ་དང་། རིམ་པ་བཞིན་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་གྱིས་དོན་འཁྱོལ་བྱ་དགོས། སྤྱོད་ཚུལ་ལེགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། མགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་ལེགས་སྒྱུར་དང་ལས་སྲོལ་གསར་འཛུགས། ཁྲིམས་འགལ་ལུགས་འགལ་གྱི་དཔེ་མཚོན་གྱོད་གཞི་བེད་སྤྱོད་གང་ལེགས་སྒོས་ཉེན་ཟོན་སློབ་གསོ་སྤེལ་བ་དང་། སྤྱོད་གཙང་རིག་གནས་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དུས་ནམ་ཡང་བསམ་བློའི་རྣམ་པ་ལེགས་པོས་རུལ་སུངས་ལ་ཆད་གཅོད་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།


热门新闻

热门图库

热门排行