ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་སྲིད་གྲོས་ཨུ་ཡོན་དང་ལྷན་དུ་གྲོས་མོལ་ཚོགས་འདུ་བསྡུས།
ཟླ11པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅིས་སྲིད་གྲོས་ཨུ་ཡོན་དང་ལྷན་དུ་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་ལས་མཚོ་ལྷོ་ཁུལ་གྱི་རྨ་ཀླུང་སྔོན་མོ་ཞེས་པའི་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཀོད་པར་མགྱོགས་མྱུར་གྱིས་འདྲེས་པར་བྱེད་པའི་གྲོས་མོལ་གྲོས་གཞིར་དམ་པོར་དམིགས་ཏེ། ཐད་ཀར་འབྲེལ་འདྲིས་དང་མཉམ་གྲོས་ཇུས་འདོན་གྱི་གྲོས་མོལ་སྟེགས་བུ་བཏོད་པ། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་ཞུགས་སྲིད་གྲོས་ཨུ་ཡོན་དང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་མི། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ལ་གྲོས་མོལ་བྱས་ཤིང་། ཚང་མས་དོ་ཁུར་བྱེད་བཞིན་པའི་གནད་དོན་རེ་རེར་ལན་བཏབ་པ་རེད། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ལིའུ་ཡན་གྱིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་འདུ་ལས་ཁུལ་སྲིད་གྲོས་ཀྱིས་མཚོ་ལྷོ་ཁུལ་གྱི་རྨ་ཀླུང་སྔོན་མོ་ཞེས་པའི་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་གྱིས་མཉམ་འདྲེས་བྱ་རྒྱུའི་ཆེད་དོན་སྙན་ཞུའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་བཏང་ཞིང་། སྲིད་གྲོས་ཨུ་ཡོན་དང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་ཚབ་མི་སྣས་གནས་ཚུལ་དངོས་དང་ལས་རིགས་ལག་ལེན་ལ་རྟོག་ཞིབ་བྱ་རྒྱུར་གཞི་བཙུགས་ཏེ། འཕེལ་རྒྱས་ཀྱི་གནད་འགག་དང་སྤུས་ཚད་མཐོ་རུ་གཏོང་བའི་ཁ་ཕྱོགས་ལ་དམིགས་ནས་ལྷག་བསམ་ཟོལ་མེད་ཀྱིས་བསམ་འཆར་དང་གྲོས་མགོ་བཏོན་པ་རེད། ཁུལ་སྲིད་གཞུང་དང་གུང་ཧོ་རྫོང་། ཁྲི་ཀ་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཁོངས་གཏོགས་ས་ཆའི་འགན་ནུས་དང་བྱ་བར་སྐུལ་འདེད་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་བས། ཚོགས་རར་གྲོས་མོལ་གྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཐེངས་འདིའི་ཆེད་དོན་གྲོས་མོལ་ལ་ཁས་ལེན་གང་ལེགས་བྱས།
ཁོས་ཐེངས་འདིའི་གྲོས་མོལ་བརྗོད་དོན་གྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཁོག་ལ་དམིགས་ཏེ། དུས་མགོའི་རྟོག་ཞིབ་གཏིང་ཟབ་སྤེལ་ནས་ཐབས་ཇུས་དང་གྲོས་མགོ་བཏོན་པ་དེ་ལག་བསྟར་བྱེད་བདེ་བས། ཁུལ་སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་རང་རྟོགས་གང་ལེགས་ཀྱིས་མངོན་ཡོད་པ་མ་ཟད། སྲིད་གྲོས་ཨུ་ཡོན་གྱི་ཆེད་ལས་བྱང་ཚད་དང་འགན་འཁྲིའི་འཁུར་སེམས་ཡང་མངོན་ཡོད་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་དང་གནད་འཁེལ་ཇུས་འདོན་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན།
ཞུང་ཡོན་ལའེ་ཡིས་བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱ་དགོས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ནས། མཐུན་སྦྱོར་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་སྤྱོད་དངོས་ལ་དམ་འཛིན་ནན་མོ་བྱས་ཏེ། གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གིས་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་མུ་མཐུད་འདོན་སྤེལ་བྱས་ནས། རྨ་ཀླུང་སྔོན་མོ་ཞེས་པའི་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཀྱིས་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། སྒྲིག་གཞིའི་མི་འདང་ས་མུ་མཐུད་དུ་ཁ་གསབ་བྱ་དགོས་ཏེ། ཡུལ་སྐོར་སྣེ་ལེན་གྱི་ནུས་པ་དང་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཡུལ་སྐོར་ལས་རིགས་ཡུན་རིང་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་བརྟན་པོ་འདིང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལམ་བུ་བཏོད་ནས། ལས་རྣམ་མཁོ་སྤྲོད་ཕུན་སུམ་ཚོགས་པར་གཏོང་དགོས་ཏེ། སྤུས་ལེགས་ཡུལ་སྐོར་ལམ་ཐིག་ཞིབ་ཚགས་ཀྱིས་གཏོད་པ་དང་། ཚལ་རྔ་འགག་དང་ཁྲི་ཀའི་རྨ་ཀླུང་སྔོན་མོའི5Aརིམ་པའི་མཛེས་ལྗོངས་ཁུལ་གསར་གཏོད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མྱོང་རོལ་རྣམ་པའི་རིག་གནས་ཉམས་ལེན་གྱི་ཐོན་རྫས་ཧུར་ཐག་གིས་གསར་སྤེལ་བྱེད་པ། མཉམ་འདུས་རྣམ་པའི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་འཛུགས་པ་བཅས་བྱས་ཏེ། རྨ་ཆུའི་གཏམ་རྒྱུད་དང་མཚོ་ལྷོའི་གཏམ་རྒྱུད་ལེགས་པར་བརྗོད་དགོས། ཚོང་འགུག་དངུལ་འདྲེན་བྱ་བར་ཤུགས་སྣོན་བྱས་ནས། ཡུལ་སྐོར་ཁྲོམ་རའི་ཚོང་གཉེར་བ་གཙོ་བོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ཏེ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སྟེགས་བུའི་ལམ་སྲོལ་ལེགས་པར་སྤྱོད་པ། ལས་གཞིའི་ཞབས་ཞུ་མུ་མཐུད་དུ་ལེགས་སྒྱུར་དང་འགན་སྲུང་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བཅས་བྱས་ཏེ། ལས་གཞི་དང་ཕན་འབྲས་སྔོན་ལ་ཐོན་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་གྱི་སྣང་བརྙན་བཟང་པོར་སྲུང་སྐྱོང་བྱ་དགོས་ཏེ། དག་གཙང་མཚོ་ལྷོ་ཞེས་པའི་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་ལ་བརྟེན་པ་དང་། ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་དུ་བྱས་ནས། མཛེས་ལྗོངས་ཁུལ་དང་གཞུང་ལམ་འགྲམ་རྒྱུད། ཆུ་རྐ་དང་ཆུ་ཁོངས་ཀྱི་ཁོར་ཡུག་མུ་མཐུད་དུ་བཅོས་སྐྱོང་བྱས་ཏེ། ཡུལ་སྐོར་པ་རྣམས་ལ་བཟའ་བཏུང་སྤྱོད་པར་བློ་བདེ་བ་དང་ཞག་སྡོད་བྱེད་པར་སེམས་སྐྱིད་པོ་ཡོང་བར་འགན་ལེན་བྱས་ནས། ཕྱིར་སྐྱོད་ཀྱི་མྱོང་ཚོར་བཟང་པོ་ཞིག་འཇོག་དགོས། རྩ་འཛུགས་ཀྱི་གཅིག་གྱུར་འགན་སྲུང་ལ་ཤུགས་སྣོན་བྱས་ནས། ས་ཁོངས་དང་སྡེ་ཁག་བརྒལ་བའི་ཡུལ་སྐོར་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཏེ། ལས་གཞི་གལ་ཆེན་དང་དོན་དག་གལ་ཆེན་དུས་བཅད་ལྟར་བཀོད་གཏོང་བྱས་ནས། བྱ་བའི་གནད་འགག་དུས་ཐོག་ཏུ་ཐག་གཅོད་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་འགུལ་གྱིས་རྨ་ཀླུང་སྔོན་མོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་བཀོད་སྒྲིག་ནང་མཉམ་འདྲེས་བྱས་ཏེ། བྱ་བའི་བྱེད་ཐབས་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཡན་གྱིས་མགོ་འཛིན་གནང་སྐབས་ཐེངས་འདིའི་གྲོས་མོལ་ལས་བྱུང་བའི་བསམ་འཆར་བསྡུ་ལེན་བྱེད་པ་དང་། ཨུ་ཡོན་རྣམས་ཀྱིས་བཏོན་པའི་བསམ་ཕྱོགས་དང་བྱེད་ཐབས། རེ་ཞུ་དང་གྲོས་མགོ་བཅས་རིགས་དབྱེ་ནས་ལེགས་སྒྲིག་བྱེད་པ། ཚད་ལྡན་གྱི་བསམ་འཆར་གསལ་ཐོ་བཟོས་ནས་བྱེད་ཐབས་རིམ་བཞིན་ཞིབ་ཕྲར་བཏང་སྟེ། བྱ་བ་དོན་འཁྱོལ་བྱེད་པར་དམ་འཛིན་ལེགས་པོ་བྱ་དགོས། གྲོས་མོལ་གྱི་གྲུབ་འབྲས་ལག་བསྟར་བྱས་ཚུལ་དེ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་གནད་འགག་ཏུ་བཟུང་ནས། མུ་མཐུད་དུ་རྗེས་འདེད་འདྲི་རྩད་བྱ་དགོས་ཤིང་། ཁུལ་དང་རྫོང་གི་སྲིད་གྲོས་ཨུ་ཡོན་དང་། ཁྲོམ་རའི་ཚོང་གཉེར་བ་གཙོ་བོ། གཞི་རིམ་མང་ཚོགས་བཅས་ཀྱི་བསམ་ཚུལ་གསར་པ་དང་རེ་སྒུག་གསར་པ་དུས་རྒྱུན་དུ་བསྡུ་ལེན་བྱེད་པ་དང་། མུ་མཐུད་དུ་ཕྱོགས་སོ་སོའི་བློ་གྲོས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་དགོས་ཞེས་བླང་བྱ་བཏོན།
ཁུལ་གྱི་མགོ་ཁྲིད་ཅང་ཏུང་མེ་དང་། བསོད་ནམས་སྐྱིད། ལི་ཀུའོ་ཧྲེང་། ལི་ཁྲེན་ལིང༌། ཧུ་མིང་ཧའེ་བཅས་ཚོགས་འདུར་ཞུགས།