སྲིད་དོན། 详情

དོན་གྲུབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཡིག་གཏུག་དང་ལྡོག་འདྲེན་གནད་དོན་བཅོས་སྐྱོང་གི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས།

 ཟླ11པའི་ཚེས12ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་དང་རིག་སྨོན་གྲོང་བརྡལ་དུ་སོང་ནས།ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་སྤྲད་པའི་ཡིག་གཏུག་དང་ཐེར་འདོན་གོང་ཞུའི་འབྲེལ་ཡོད་གནས་ཚུལ་དང་སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་འདྲེན་གནད་དོན་བཅོས་སྐྱོང་བྱས་པའི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་ཤིང་།ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས།གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས།མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་དང་།བཅོས་སྐྱོང་ལྟ་ཞིབ་ལས་སྤྲད་པའི་དོན་ཚན་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་མཐའ་ཚད་བརྟན་སྲུང་སྒོས།སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་དགོས་ཞེས་ནན་གྱིས་བསྟན།

ཆབ་ཆ་གྲོང་བརྡལ་གྱི་གཟན་སྒྲས་དམངས་ལ་བར་ཆད་བཟོ་བའི་ཞུ་གཏུག་བྱེད་ས་རུ།དོན་གྲུབ་ཀྱིས་ཡུལ་དངོས་ཀྱི་ཁོར་ཡུག་དང་གཟན་སྒྲའི་འབྱུང་ཁུངས་ལ་ལྟ་ཞིབ་ནན་མོ་བྱས་པ་མ་ཟད།གནད་དོན་གྱི་འབྱུང་རྩར་རྒྱུས་ལོན་ཞིབ་མོ་བྱས་པ་དང་ལེགས་བཅོས་བྱེད་ཐབས་ལ་ཡུལ་དངོས་སུ་ཞིབ་འཇུག་བྱས།ཁོས་གཟན་སྒྲ་ནི་མང་ཚོགས་ཀྱིས་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་མིན་དང་འབྲེལ་བ་ཟབ་མོ་ཡོད་པས།གཟན་སྒྲའི་འབྱུང་ཁུངས་འགོག་བཅོས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱེད་པ་དང་།ཨར་ལས་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཏེ།ཚད་ལྡན་དང་དཔལ་ཡོན་ངང་ཨར་ལས་བྱེད་པར་སྐུལ་འདེད་བྱས་ནས།སྒྲིག་འགལ་གྱི་གཟན་སྒྲའི་བྱ་སྤྱོད་གཏན་འགོག་བྱ་དགོས།རིགས་དགར་དོ་དམ་དང་གནད་འཁེལ་ཇུས་འདོན་བྱེད་པ་རྒྱུན་འཁྱོངས་བྱས་ནས།སྟབས་བདེ་ཅན་དང་གཅིག་གཅོད་མི་བྱེད་པར་གཟན་སྒྲའི་དོ་དམ་གྱི་མཐའ་ཚད་སྲུང་དགོས་པ་མ་ཟད།དམངས་ཚིས་འགན་སྲུང་དང་ལས་གཞིའི་འཛུགས་སྐྲུན་གཅིག་གྱུར་བཀོད་འདོམས་བྱེད་པར་སྐུལ་འདེད་གཏོང་དགོས།འབྲེལ་མཐུད་ལྡོག་འདྲེན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་ཐག་གཅོད་པ།འཕྲལ་དུ་ལན་སློག་པ་བཅས་བྱས་ནས།མང་ཚོགས་མཐའ་འཁོར་གྱི་འབུར་ཐོན་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་ཁྲིམས་ལྟར་ཐག་བཅད་དེ།བཅོས་སྐྱོང་གི་གྲུབ་འབྲས་ལེགས་པོར་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

རིག་སྨོན་གྲོང་བརྡལ་ལྡོང་དངོས་སྡེ་བའི་བཅོས་སྐྱོང་ཡུལ་དངོས་སུ།དོན་གྲུབ་ཀྱིས་ས་གནས་ཀྱི་སྔོ་ཁེབས་སླར་གསོ་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ།བཅོས་སྐྱོང་གནས་ཚུལ་གྱི་ཡར་ཞུར་ཉན་པ་དང་།ཁོས་ཆབ་སྲིད་ཀྱི་ངོས་ནས་བལྟ་བ་དང་ཆབ་སྲིད་ཀྱི་ངོས་ནས་ལེགས་བསྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།ཁྲིམས་འགལ་གྱིས་ས་རྒོད་སློག་པ་དང་སྒྲིག་འགལ་གྱིས་ས་ཞིང་བསྡུ་ལེན་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས།རྩྭ་སའི་ཁྱབ་ཁོངས་ཀྱི་ཉེན་ཁར་དུས་རྒྱུན་དུ་གྲལ་བཤེར་བྱེད་པ་དང་།ས་ཞིང་བསྡུ་ལེན་དང་བེད་སྤྱོད་པའི་མཆན་བཀོད་ལ་དོ་དམ་ནན་མོ་བྱས་ཏེ།རྩྭ་ས་གསར་སྤེལ་དང་བེད་སྤྱོད་པའི་བྱ་སྤྱོད་མུ་མཐུད་དུ་ཚད་ལྡན་དུ་བཏང་ནས།མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་གཏོང་དགོས།ཁུལ་དང་རྫོང་།ཤང་དང་སྡེ་བ་བཅས་རིམ་པ་བཞིའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ།དུས་རྒྱུན་གྱི་སྐོར་ཞིབ་དོ་དམ་ལ་ཤུགས་སྣོན་པ་དང་སྲིད་ཇུས་ཀྱི་སྒྲོག་འགྲེལ་བྱ་བ་ལེགས་པོར་བསྒྲུབ་ནས།རོང་འབྲོག་པ་མང་ཚོགས་ཀྱིས་ཁྲིམས་རྟོགས་པ་ཁྲིམས་སྲུང་བར་སྣེ་ཁྲིད་དེ།ནུས་ཤུགས་ཡོད་རྒུས་མཉམ་དུ་དོ་དམ་དང་དམངས་ཡོངས་ཞུགས་པའི་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིབ་བཤེར་བྱེད་པའི་སྐབས་སུ་དོན་གྲུབ་ཀྱིས་རིམ་པ་སོ་སོའི་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་ནས།ལྟ་ཞིབ་ཚན་ཁག་གིས་སྤྲད་པའི་ཡིག་གཏུག་དང་ཐེར་འདོན་གོང་ཞུའི་གནད་དོན་དེ་དག་རྩིས་ཐོ་ཅན་གྱིས་དོ་དམ་དང་གདུབ་ཟུམ་ཅན་གྱིས་སྐུལ་འདེད་བྱས་ཏེ།མྱུར་དུ་ཞིབ་བཤེར་ཐག་གཅོད་དང་དུས་ཐོག་ཏུ་མང་ཚོགས་ལ་ཨ་ལན་སློག་ནས།གནད་དོན་དེ་དག་བཅོས་སྐྱོང་གང་ལེགས་བྱེད་པར་འགན་སྲུང་བྱ་དགོས།རིགས་སོ་སོའི་ལྡོག་འདྲེན་བསམ་འཆར་དང་གནད་དོན་གྱི་བཅོས་སྐྱོང་འགན་འཁྲི་ལག་བསྟར་བྱས་ཏེ།བཅོས་སྐྱོང་གྲུབ་འབྲས་ལ་དམིགས་ནས།རྫུན་བཟོས་བཅོས་སྐྱོང་དང་ཕྱི་ཚུལ་ཅན་གྱི་བཅོས་སྐྱོང་།གནད་དོན་ཡང་བསྐྱར་འབྱུང་བ་བཅས་ལ་གཏན་འགོག་བྱ་དགོས།རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ།རྩྭ་ཐང་།བྱེ་ཐང་བཅས་ལ་གཅིག་གྱུར་གྱིས་སྲུང་སྐྱོང་དང་མ་ལག་གིས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།གནད་དོན་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཐག་གཅོད་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་།ཡུན་རིང་ལྟ་སྐུལ་དོ་དམ་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས།དོན་དག་བྱུང་རྗེས་བཅོས་སྐྱོང་བྱེད་པ་དང་འབྱུང་རྩའི་སྔོན་འགོག་ལ་དུས་མཉམ་དུ་ནུས་ཤུགས་འདོན་པར་སྐུལ་འདེད་བཏང་སྟེ།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཚོ་ལྷོའི་མ་དཔེ་ཞིག་འབད་པས་བསྐྲུན་དགོས་ཞེས་རེ་བ་བཏོན།

ཁུལ་གྱི་མགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་དང་ཆིའུ་ཡོན་ལིན་ཞིབ་བཤེར་ལ་ཞུགས།


热门新闻

热门图库

热门排行