གནས་ཚུལ། 详情

དམངས་ཡོངས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ནས་རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པ་བསྐྲུན།

 ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱིས་སྐྱེས་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་ཆེད།མཚོ་ལྷོ་ཁུལ་གྱིས་དག་གཙང་མཚོ་ལྷོའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་ལ་དམ་འཛིན་བྱས་ཏེ་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་བ་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་པ་དང་དམངས་ཡོངས་ཀྱིས་ཐུན་མོང་སྒོས་བཅོས་སྐྱོང་བྱ་རྒྱུར་སྐུལ་སློང་བྱས་ཏེ་ལྗང་མདོག་སྐྱེ་ཁམས་ཀྱི་རྨང་གཞི་མུ་མཐུད་དུ་མངོན་པར་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན།

ཉེ་ཆར། ཐུན་ཏེ་རྫོང་འབའ་ལུང་ཤང་མཐུན་སྒྲིལ་སྡེ་བས་སྡེ་བ་ཡོངས་ཀྱི་མང་ཚོགས་རྩ་འཛུགས་བྱས་ཏེ་ཁོར་ཡུག་གཙང་སྦྲའི་གཅིག་སྡུད་གཙང་བཟོ་འགུལ་སྐྱོད་སྤེལ་བ་དང་། ལས་བྱེད་མང་ཚོགས་མཉམ་དུ་ཟབ་ཞུགས་བྱས་ཏེ་སྡེ་བའི་སྲང་ལམ་དང་ཁང་པའི་མདུན་རྒྱབ། ཆུ་རྐའི་འགྲམ་བཅས་ཀྱི་གད་སྙིགས་གཙང་སེལ་བྱས་ནས་ས་ཁོངས་ཡོངས་སུ་ཁོར་ཡུག་བཅོས་སྐྱོང་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་ཡོད།

ཐུན་ཏེ་རྫོང་འབའ་ལུང་ཤང་མཐུན་སྒྲིལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྡོ་རྗེ་ཡིས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་ཚུགས་པ་ནས་བཟུང་། ང་ཚོ་འབའ་ལུང་ཤང་མཐུན་སྒྲིལ་སྡེ་བས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཁོར་ཡུག་གཙང་སྦྲའི་འགུལ་སྐྱོད་དེ་ཅན་བཅུའི་ཏང་འཛུགས་སྐྱོང་ལས་དོན་ནང་ཁྱབ་པར་བྱས་ཡོད་ལ།  ང་ཚོས་ཁང་པའི་མདུན་རྒྱབ་གྱི་ཁོར་ཡུག་ལ་རྒྱུན་པར་བཅོས་སྐྱོང་བྱས་པར་མ་ཟད།ད་དུང་ཅན་བཅུའི་ཏང་འཛུགས་སྐྱོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆུང་དང་བསམ་པའི་རིག་གནས་ཚོགས་ཆུང་གི་མཉམ་འབྲེལ་ལམ་སྲོལ་ལ་བརྟེན་ནས་རྒྱུན་དུ་སྒྲོག་འགྲེལ་བྱེད་པ་དང་སྐར་བསགས་རང་འདེམས་ཚོང་ཁང་དུ་དངོས་པོར་བརྗེ་བ། དེ་མིན་གོམས་སྲོལ་ལེགས་བཅོས་བཅས་ཀྱི་ཁྲིད་སྟོན་བརྒྱུད་དེ་སྡེ་མིའི་སྲོལ་རྒྱུན་འདུ་ཤེས་ཀྱི་བསྒྱུར་བ་དང་། དེང་སྐབས་སྡེ་བའི་རྣམ་པར་ལེགས་བཅོས་བྱུང་ནས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད་ཟེར།

དག་གཙང་མཚོ་ལྷོའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་ཚུགས་པ་ནས་བཟུང་།  མཚོ་ལྷོ་ཁུལ་གྱིས2027ལོའི་གཅིག་སྡུད་འགག་སྒྲོལ་དང2028ལོའི་སྲ་བརྟན་མཐོར་གཏོང་། 2029ལོའི་ཡུན་ཕན་རྒྱུན་རྣམ་ཅན་བཅས་གོ་རིམ་གསུམ་ལ་གཞིགས་ནས་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་བརྡལ་གཙང་བཟོ་དང་། གྲོང་གསེབ་དང་གཞུང་ལམ་ལེགས་བཅོས། གཙང་པོ་དང་མཚེའུ་གཙང་བཟོ་སོགས་ཀྱི་ཆེད་དོན་འགུལ་སྐྱོད་ཆེ་གྲས་བདུན་ལ་སྐུལ་འདེད་བཏང་ནས་གད་སྙིགས་གང་བྱུང་དུ་སྤུངས་པ་དང་བརྫད་དངོས་སོགས་ཀྱི་གནད་དོན་མངོན་གསལ་ཅན་ལ་དམིགས་ཏེ་ཁོར་ཡུག་གཙང་སྦྲའི་སྒྲིག་ཆས་དང་།  ལམ་ལུགས་ལམ་སྲོལ།  མང་ཚོགས་ཀྱི་དཔལ་ཡོན་གོམས་གཤིས་བཅས་ཀྱི་ཞན་ཆ་ལེགས་བཅོས་བྱས་ནས།  སྒོ་ར་དང་གྲོང་གསེབ་མཛེས་པ། སྡེ་བ་དང་ཁོར་ཡུག་ལེགས་པ། འཚོ་བར་བདེ་སྐྱིད་ལྡན་པ་བཅས་ཀྱི་མཛེས་སྡུག་ལྔའི་དམིགས་ཚད་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ཡོད།

ས་ཁོངས་ཧྲིལ་བོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་ལ་སྣེ་ཁྲིད་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རིམ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་། ད་ལོའི་ཟླ8པའི་ཟླ་མཇུག་བར་མཚོ་ལྷོ་ཁུལ་གྱི་མཁའ་དབུགས་སྤུས་ཚད་ལེགས་ཚད98.7%ལ་སླེབས་ནས་དུས་མཉམ་ལས་བརྒྱ་ཆའི་གྲངས་གནས6.5ཡིས་མཐོར་འདེགས་སུ་ཕྱིན་ཏེ། PM₂.₅འདུས་ཚད་དུས་མཉམ་ལས5.1%མར་ཆག་པ་རེད། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་བཅད་ངོས15ཡི་ཆུའི་སྤུས་ཚད་ཀྱི་ལེགས་ཚད100%ཡིན་པ་དང་། རྨ་ཆུའི་ཁྲི་ཀའི་ཁོངས་བརྒལ་བཅད་ངོས་རིགསⅡཡན་རྒྱུན་འཁྱོངས་ཐུབ་པ་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་འབྱུང་ཁུངས་ཀྱི་ས་ཁུལ་ཡོད་ཚད་ཚད་གཞིར་སླེབས་པས། ཚལ་རྔ་འགག་ཆུ་མཛོད་ཁུལ་གྱི་ཆུའི་སྤུས་ཚད་ཀྱི་འཕར་ཆག་གནད་དོན་ལ་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པ་བྱུང་ཡོད། ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་སྲ་གཟུགས་སྙིགས་རོ་ཏུན་ཁྲི2.25གཙང་སེལ་བྱས་ནས་རྨིད་གྲུ་བཞི་མ5120ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་པ་རེད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཡུན་ཕན་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁུལ་ཡོངས་སུ་མཛེས་པའི་ར་སྐོར་གསར་སྐྲུན་དང་ཁོར་ཡུག་གཙང་སྦྲའི་བཟང་ངན་ཁྱབ་བསྒྲགས་ཀྱི་དཔྱད་བསྡུར།དཔལ་ཡོན་སྐར་གསོག་རང་འདེམས་ཚོང་ཁང་སོགས་སྐུལ་སློང་བྱེད་ཐབས་བཏོན་ནས།མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དང་།མིག་སྔར་མི་ཐེངས་ཁྲི10.6ཁོར་ཡུག་གཅིག་བསྡུས་གཙང་སེལ་ནང་ཞུགས་ནས།གད་སྙིགས་སྣ་ཚོགས་ཏུན་ཁྲི2.59གཙང་སེལ་བྱས་པ་དང་།གང་བྱུང་དུ་གད་སྙིགས་སྤུངས་པའི་ས་ཁུལ1600ལྷག་དང་གྱང་ཆག་སོགས་ཞིག་རལ་དུ་གྱུར་བའི་གནས900ལྷག་བཅོས་སྐྱོང་བྱས་ཏེ།དམངས་ཡོངས་ཞུགས་པ་དང་དམངས་ཡོངས་ཀྱིས་ལྟ་སྐུལ་བྱེད་པ།དམངས་ཡོངས་ཀྱིས་མཉམ་བཅོས་བྱེད་པའི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད།

ད་ལྟ་ས་ཁོངས་ཧྲིལ་པོར་བཅོས་སྐྱོང་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་བཟང་བོ་མགྱོགས་མྱུར་སྒོས་ཆགས་བཞིན་ཡོད་ལ། མཚོ་ལྷོ་ཁུལ་གྱིས་ས་ཁོངས་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། དག་གཙང་མཚོ་ལྷོའི་སྐྱེ་ཁམས་མིང་བྱང་བཏོད་པ་དང་། རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པ་ཞེས་པའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་ལྗང་མདོག་གི་རྨང་གཞི་དང་ཡུན་རིང་གི་སྒུལ་ནུས་བསྩལ་བ་རེད།།

热门新闻

热门图库

热门排行