མཚོ་ལྷོ་ཁུལ་གྱིས་ཁུལ་རིམ་པའི་ངལ་ལས་སྤུས་རྟགས་ཀྱི་དཔྱད་འདེམས་བྱ་འགུལ་སྤེལ།
ངོས་འཛིན་ནུས་པ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་མཐོ་སྒང་གི་ཁྱད་ལྡན་ངལ་ལས་སྤུས་རྟགས་གསོ་སྐྱོང་བྱས་ཏེ། ངལ་ལས་སྤུས་རྟགས་ཀྱི་ལས་ཞུགས་བརྟན་བརླིང་དང་འབབ་འཕར་སྐུལ་འདེད།དར་སྤེལ་རམ་འདེགས་བཅས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད།ཟླ11པའི་ཚེས16ཉིན།མཚོ་ལྷོ་ཁུལ་གྱི་ཁུལ་རིམ་པའི་ངལ་ལས་སྤུས་རྟགས་ཀྱི་དཔྱད་འདེམས་བྱ་འགུལ་དེ་ཁུལ་ལས་གཏོད་གསོ་སྐྱོང་དངོས་སྦྱོང་གླིང་དུ་སྤེལ་ཞིང་།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེ་ཞང་ཞན་བྱ་འགུལ་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཐེངས་འདིའི་དཔྱད་འདེམས་ཀྱིས་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་དང་མི་རིགས་ལག་རྩལ།མཐོ་སྒང་གི་ཞིང་ཕྱུགས་སོགས་ཁྱད་ལྡན་མངའ་ཁོངས་ལ་གཞིགས་ནས།ཁུལ་ཡོངས་སུ་ངལ་ལས་སྤུས་རྟགས་ཀྱི་རྣམ་གྲངས་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཤིང་།བྱ་འགུལ་སྟེང་མགོ་ཚུགས་མཛད་སྒོ་དང་ལས་གཞིའི་འགྲེམ་སྟོན་དཔྱད་བསྡུར།གཅིག་བསྡུས་གཟེངས་བསྟོད་བཅས་ཀྱི་གོ་རིམ་བཀོད་སྒྲིག་བྱས་ཡོད་པ་དང་།དཔྱད་འདེམས་བྱ་འགུལ་ནང་དུ་ཞུགས་པའི་ཁེ་ལས་རྣམས་ཀྱིས་སྤུས་རྟགས་གཉེར་སྐྱོང་དང་ངལ་རྩོལ་པ་བསྡུ་བ།ཐོན་ལས་མཉམ་འདྲེས།འཕེལ་རྒྱས་ཀྱི་འཆར་འགོད་བཅས་ལ་གཞིགས་ནས་རིམ་པ་བཞིན་འགྲེམ་སྟོན་བྱས་ཤིང་།ཞིང་ཆེན་ཕྱི་ནང་གི་ལས་གཏོད་མཛུབ་སྟོན་ཆེད་མཁས་པ་དང་ཁེ་ལས་པའི་གྲུབ་པའི་དཔྱད་བསྡུར་ཚན་ཁག་གིས་དཔྱད་བསྡུར་དམིགས་ཚད་ལ་ཞིབ་བསྡུར་ནན་མོ་བྱས་ཏེ།ཡུལ་དངོས་སུ་འདྲི་རྩད་བརྡར་གཅོད་དང་སྐར་མ་རྒྱབ་ནས།དཔྱད་འདེམས་ཀྱི་བརྒྱུད་རིམ་ཚད་ལྡན་དང་མཇུག་འབྲས་དྲང་བཞག་ཡོང་བར་འགན་ལེན་བྱས།
ཛ་དྲག་གི་དཔྱད་འདེམས་བརྒྱུད་ནས་མཐོ་སྒང་གི་འཁྱག་ཆུའི་ཉའི་ལས་བཟོ་བ་དང་རྒྱ་བོད་སྐད་གཉིས་ཀྱི་ནད་གཡོག་པ་སོགས་རྣམ་གྲངས་བདུན2026ལོའི་མཚོ་ལྷོ་ཁུལ་གྱི་ཁུལ་རིམ་པའི་ངལ་ལས་སྤུས་རྟགས་སུ་བདམས་པ་དང་།ལས་ཁུངས་གསུམ་ངལ་ལས་སྤུས་རྟགས་འཛུགས་སྐྲུན་གྱི་ཕུལ་བྱུང་རྩ་འཛུགས་ལས་ཁུངས་སུ་བདམས།ཉེ་བའི་ལོ་འགའི་རིང་ལ།མཚོ་ལྷོ་ཁུལ་གྱིས་ངལ་ལས་སྤུས་རྟགས་གསོ་སྐྱོང་ལ་མུ་མཐུད་དུ་གཞི་བཙུགས་ཏེ།ཀོས་ནན་ཀྱི་གླུ་གར་འཁྲབ་སྟོན་པ་དང་ཁྲི་ཀའི་ཞིང་ཁྱིམ་གླིང་གི་ཇ་མ་སོགས་ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས་གཏོད་ནས། ངལ་རྩོལ་ནུས་ཤུགས་བསྒྱུར་བར་སྐུལ་ཁྲིད་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཕན་འབྲས་བཟང་པོ་ཐོབ་ཡོད།
མཐོ་སྒང་གི་འཁྱག་ཆུའི་ཉའི་ལས་བཟོ་པའི་ངལ་ལས་སྤུས་རྟགས་ཀྱི་འགན་འཁུར་པ་ལི་ཡུའུ་ཧྲན་གྱིས་བཤད་རྒྱུར། དེ་རིང་ང་ཚོར་མཚོ་ལྷོ་ཁུལ་གྱི་ཁུལ་རིམ་པའི་ངལ་ལས་སྤུས་རྟགས་ཀྱི་མཚན་སྙན་འདི་ཐོབ་པས། དགའ་སྤྲོ་ཆེན་པོ་སྐྱེས་ཡོད། གཟེངས་བསྟོད་འདི་ནི་ང་ཚོའི་ངལ་ལས་སྤུས་རྟགས་གཞི་རིམ་དུ་རྩ་བ་ཚུགས་པ་དང་ས་གནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པར་གདེང་འཇོག་ཆེན་པོ་ཐོབ་པ་ཞིག་ཡིན་པས།རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་སྤུས་རྟགས་འདི་སྟོབས་ཆེར་བཏང་ནས། ཁུལ་གྱིས་བསྐྲུན་པའི་སྟེགས་བུ་འདི་ལེགས་པར་སྤྱད་དེ། ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་དང་ཞབས་ཞུའི་ནུས་རྩལ་མཐོར་འདེགས་སུ་བཏང་ནས། ས་གནས་ཀྱི་མང་ཚོགས་སྔར་ལས་མང་པོ་ཞིག་གིས་ལག་རྩལ་ལ་བརྟེན་ནས་ཡོང་འབབ་འཕར་བ་དང་། རང་ནུས་ལ་བརྟེན་ནས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱ་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དཔྱད་འདེམས་ཀྱིས་གདེང་འཇོག་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ངལ་ལས་སྤུས་རྟགས་སྤེལ་རེས་དང་འགྲེམ་སྟོན་གྱི་སྟེགས་བུ་བཏོད་ནས་ཁུལ་ཡོངས་ཀྱི་ངལ་ལས་ཐོན་ཁུངས་དེ་སྤུས་རྟགས་ཀྱི་ལེགས་ཆ་དང་ལས་ཞུགས་ཀྱི་ལེགས་ཆ། དཔལ་འབྱོར་གྱི་ལེགས་ཆ་བཅས་སུ་འགྱུར་བར་སྐུལ་འདེད་བཏང་བ་རེད། སླད་ཕྱིན་མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ངལ་ལས་སྤུས་རྟགས་སྐྱེད་སྲིང་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཁུལ་རིམ་པ་ནས་སྐྱེད་སྲིང་དང་ཞིང་ཆེན་རིམ་པ་ནས་མཐོར་འདེགས་སུ་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་དེ། ངལ་ལས་སྤུས་རྟགས་དང་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ངལ་ལས་སྤུས་རྟགས་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་སྤུས་རྟགས་ཤིག་ཏུ་འགྱུར་བར་བྱས་ཏེ། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུགས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ཤུགས་སྣོན་རྒྱུ་རེད།