གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ཐད་གྲུབ་འབྲས་གསར་པ་བླངས་པ།

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་དམ་འཛིན་སྒོས་ཁུལ་དང་རྫོང་། ཤང་། སྡེ་བ། སྡེ་ཁུལ་བཅས་རིམ་པ་བཞིའི་མཉམ་འབྲེལ་རྩ་འཛུགས་ཀྱི་སྒྲོམ་གཞི་བཙུགས་ནས། གཞི་རིམ་ཏང་འཛུགས་སྐྱོང་དང་བྱ་བ་གཙོ་བོའི་དཀའ་གནད་མུ་མཐུད་དུ་སེལ་ཏེ། ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོང་། དམངས་ལ་ཞབས་འདེགས་བསྒྲུབ་པ་བཅས་ཀྱི་ཕན་ནུས་ཆེན་པོར་བསྒྱུར་ནས། མཐོ་སྒང་འབྲོག་ཁུལ་གྱི་གཞི་རིམ་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་མུ་མཐུད་དུ་མཐོར་འདེགས་སུ་སོང་ཡོད།

མཚོ་ལྷོ་ཁུལ་གྱི་སྡེ་བ་དང་སྡེ་ཁུལ་སོ་སོར་བསྐྱོད་པ་ན། ཏང་ཡོན་གྱི་སྣེ་ཁྲིད་དང་མང་ཚོགས་ཟབ་ཞུགས་ཀྱི་ཐུན་མོང་འཛུགས་སྐྲུན་དང་བཅོས་སྐྱོང་གི་རྣམ་པ་གང་སར་མཐོང་ཐུབ་ལ། ཁུལ་ཡོངས་ཀྱིས་མཉམ་འབྲེལ་མཉམ་སྐྲུན་སྒོས་སྟོབས་ཤུགས་དང་མ་དངུལ། ཐོན་ཁུངས་བཅས་གཞི་རིམ་དུ་ཐོན་པར་བྱས་ཏེ། ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་བྱེད་པ་དང་ཆེད་དོན་ལས་དོན་ཚོགས་ཆུང་གིས་དོན་འཁྱོལ་བྱེད་པ། མང་ཚོགས་རྒྱ་ཁྱབ་ངང་ཟབ་ཞུགས་བྱེད་པ་བཅས་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། ཐོན་ལས་འཕེལ་རྒྱས་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པ། དམངས་ཚིས་རོགས་སྐྱོར། སྐྱེ་ཁམས་སྲུང་སྐྱོང་བཅས་ཏང་འཛུགས་སྐྱོང་གི་ཁྲོད་འདྲེས་པར་བྱས་ཏེ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་བྱེད་པར་སྟབས་བདེ་བསྐྲུན་ནས་གཞི་རིམ་བཅོས་སྐྱོང་དེ་ལས་བྱེད་པས་སྐུལ་འདེད་གཏོང་བ་ནས་ཚང་མས་མཉམ་དུ་བསྒྲུབ་པའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཞི་ཅ་ཙུའེ་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཝུན་ཧྲན་གྱིས་བཤད་རྒྱུར། ཅན་བཅུའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་ནས་བཟུང་། ང་ཚོས་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་གཞི་རིམ་དུ་ཕུལ་ནས། ཆེད་དོན་ལས་དོན་ཚོགས་ཆུང་དགུ་བཙུགས་ཤིང་། ཕྱོགས་གཅིག་ནས་སྡེ་བ་རིམ་པའི་འཕེལ་རྒྱས་ཀུང་ཟི་བཙུགས་ཏེ་ཐུན་མོང་དཔལ་འབྱོར་ལ་ཤུགས་སྣོན་སྒོས་ཡུལ་མི་ཚོས་ཐག་ཉེ་སར་ཡོང་འབབ་འཚོལ་བར་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དུས་རྒྱུན་དུ་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར། རྒན་པ་དང་བྱིས་པར་ལྟ་རྟོག་བཅས་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། ད་ལྟ་ཏང་རྩ་འཛུགས་ཀྱི་ནུས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། ཚང་མ་སྡེ་བའི་བྱ་བའི་ཁྲོད་ཞུགས་པའི་བརྩོན་སེམས་སྔར་ལས་ཆེ་རུ་སོང་ཡོད་པས། ཏང་འཛུགས་སྐྱོང་གིས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་དུ་གཏོང་བར་སྐུལ་འདེད་ནུས་ལྡན་ཐོན་ཡོད་ཟེར།

ཀོས་ནན་རྫོང་མང་ར་ཤང་དུ་བསྐྱོད་པ་ན། སྡེ་བའི་རྣམ་པ་ལེགས་ཤིང་གཞུང་ལམ་གཙང་ལ། ཏང་ཡོན་མང་ཚོགས་རྣམས་གད་སྙིགས་གཙང་སེལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཞུགས་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བཞིན་ཡོད། ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བ་ཁྱོན་ཡོངས་ནས་སྤེལ་བའི་ཚུན་ལ། མང་ར་ཤང་གི་སྡེ་བ་སོ་སོའི་ཀྲི་པུའུ་ཡིས་མང་ཚོགས་ཟབ་ཞུགས་བྱེད་པར་སྣེ་ཁྲིད་དང་། ཏང་འཛུགས་སྐྱོང་དེ་སྡེ་བ་རིམ་པའི་བཅོས་སྐྱོང་ཁྲོད་འདྲེས་པར་བྱས་ནས་དོན་འཁྱོལ་ཐུབ་པ་དང་ཤེས་ཚོར་ཐུབ་པ། ཞིབ་བཤེར་ཐུབ་པ་བཅས་ཀྱི་བཅོས་སྐྱོང་ཕན་འབྲས་ཐོན་པར་བྱས་ཡོད།

ཀོས་ནན་རྫོང་མང་ར་ཤང་ལོ་བ་ཞོལ་མ་སྡེ་བའི་སྡེ་མི་གངས་དཀར་སྒྲོལ་མས་བཤད་རྒྱུར། སྔོན་ཆད་སྡེ་བའི་ནང་གི་དོན་དག་མང་པོ་ཞིག་སྡེ་བའི་ཏང་ཀྲི་པུའུ་ཡི་ཁོངས་མི་འགའ་ཡིས་བསྒྲུབ་བཞིན་ཡོད་ཀྱང་། ད་ལྟ་སྔོན་ཆད་དང་མི་འདྲ་སྟེ། ཆེད་དོན་ཚོགས་ཆུང་དགུ་བཙུགས་རྗེས། ཚང་མ་སྡེ་བའི་ནང་གི་དོན་དག་ཆེ་མ་ཆུང་གསུམ་ལ་ཟབ་ཞུགས་བྱས་ནས་ཐག་གཅོད་བྱེད་བཞིན་ཡོད། ད་ལྟ་སྡེ་བའི་གཞུང་ལམ་ལེགས་ཤིང་ཁོར་ཡུག་གྲལ་དག་ལ། འཚོ་བའི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། རང་ཁྱིམ་སྒོ་ཁ་ནས་ཡོང་འབབ་འབབ་བཙལ་ཐུབ་པར་མ་ཟད། རྒན་པ་དང་བྱིས་པ་ལའང་གཉོར་སྐྱོང་བྱ་ཐུབ་པས། དོན་དངོས་ཀྱི་འགྱུར་ལྡོག་འདིས་ང་ཚོའི་སེམས་ལ་དྲོད་ཁོལ་ཆེན་པོ་ཞིག་སྦྱིན་ཡོད་ཟེར།

ཐོན་ལས་འཕེལ་རྒྱས་ནས་ཁོར་ཡུག་བཅོས་སྐྱོང་བར་དང་། འགལ་བ་འདུམ་འགྲིག་ནས་ཕན་ཚུན་རོགས་རམ་གྱི་བར། མཚོ་ལྷོ་ཁུལ་གྱི་སྡེ་བ་དང་སྡེ་ཁུལ482ཀྱི་ཏང་རྩ་འཛུགས་ཀྱིས་སྡེ་བ་རིམ་པའི་བྱ་བ་ཁག་གི་ཁྲོད་མང་ཚོགས་རང་འགུལ་གྱིས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས། ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་རྒྱུན་སྡོད་ཁྱིམ་ཚང་ཁྲི7.7ལྷག་གིས་རྒྱལ་དར་འགེལ་བ་དང་གཟའ་འཁོར་རེར་རྒྱལ་དར་བསྒྲེངས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དེ་སྒོ་རའི་ནང་དུ་དོན་འཁྱོལ་ནུས་ལྡན་ཡོང་བར་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཅན་བཅུའི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ། ཏང་འཛུགས་སྐྱོང་བྱ་བ་དེ་ཏང་ནང་ཁུལ་གྱི་བྱ་བ་ནས་དམངས་ཡོངས་ཟབ་ཞུགས་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། མཐོ་སྒང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱེད་པར་སྐུལ་འདེད་བཏང་ཡོད།

热门新闻

热门图库

热门排行