གནད་བསྡུས། 详情

ཀྲུང་གུང་ཀྲུང་དབྱང་གིས་བརྡ་ཐོ་བཏང་ནས་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བར་བཀོད་སྒྲིག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ནས། ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གྲོས་ཚོགས་བསྡུས་ནས་བྱེ་བྲག་གི་བཀོད་སྒྲིག་བྱས།

ཏང་གི་ཚོགས་ཆེན་ཉེར་གཅིག་པ་ནི་ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་སྐྱོད་ལམ་གསར་པར་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་ལ། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་དོན་ཆེན་ཆེན་པོ་ཞིག་ཡིན། ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་ཡག་པོ་བྱེད་པ་ནི་ཚོགས་འདུ་ལེགས་པོ་འཚོག་ཐུབ་པའི་རྨང་གཞི་གལ་ཆེན་ཡིན། ཀྲུང་དབྱང་གིས་ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་ལས་དོན་ལ་མཐོང་ཆེན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་མགོ་འཛིན་མཛད་དེ་ལས་དོན་འདི་སྒྲུབ་པའི་སྤྱིའི་བླང་བྱ་དང་དམིགས་ཡུལ་གཏན་འཁེལ་བྱས་ཤིང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་དང་། ལས་འགན་ནན་ཏན་གྱིས་བསྒྲུབ་པ། འཆར་གཞི་ཞིབ་ཚགས་ངང་ལག་བསྟར་བཅས་བྱས་ཏེ། འཐུས་མི་འདེམས་བསྐོ་བྱ་བ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།

ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་དོན། ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མིའི་མི་གྲངས་བསྡོམས་པས2360ཡོད་པ་དང་། དེ་རྒྱལ་ཡོངས་ཀྱི་འདེམས་བསྐོ་ལས་ཁུངས38ཀྱིས་འདེམས་བསྐོ་བརྒྱུད་དེ་བདམས་ཐོན་བྱུང་བ་ཡིན། ཚོགས་ཆེན་ཐེངས་ཉེར་གཅིག་པའི་འདེམས་བསྐོ་བྱ་བ་ལེགས་པར་བསྒྲུབ་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། ཆབ་སྲིད་ཀྱི་ཚད་གཞི་གོ་གནས་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚད་གཞིའི་ཆ་རྐྱེན་གཟབ་ནན་དུ་གཏོང་བ་དང་འདེམས་བསྐོའི་བརྒྱུད་རིམ་གཟབ་ནན་ཏུ་གཏོང་བ། འདེམས་བསྐོའི་སྒྲིག་ཁྲིམས་ཇེ་དམ་དུ་བཏང་སྟེ། བདམས་ཐོན་བྱུང་བའི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མིའི་བྱང་ཚད་མཐོ་བ་དང་གྲུབ་ཚུལ་ལུགས་དང་མཐུན་པ། ཁྱབ་རྒྱ་ཆེ་ཞིང་ཏང་ཡོན་གྱི་གོང་བཀུར་ཐོབ་པར་ཁག་ཐེག་བྱེད་དགོས།

ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན་དགོས་པ་དང་། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དམ་སྲུང་བྱ་དགོས་ལ། ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱེད་པ་དང་། ཏང་གཤིས་དབྱེ་འབྱེད་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ནས་ཚད་གཞི་མི་ལོངས་པར་འདེམས་ཤོག་གཅིག་གིས་ཕྱིར་སློག་བྱེད་འོས། འོས་མིའི་སྤྱོད་གཙང་གི་འགག་སྒོ་དང་སྤྱོད་ཚུལ་གྱི་འགག་སྒོ་ནན་སྲུང་བྱེད་པ་དང་། “ནད་ཡོད་མིང་འདོན”དང“ནད་ཡོད་འདེམས་བསྐོར”མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། འཐུས་མིའི་གྲུབ་ཚུལ་ལ་ལུགས་མཐུན་སྒོས་སྟངས་འཛིན་བྱེད་པ་དང་། ཐོན་སྐྱེད་དང་བྱ་བའི་འཐབ་ཕྱོགས་དང་པོའི་འཐུས་མིའི་བསྡུར་ཚད་འགན་སྲུང་བྱེད་པ། བཟོ་པ་དང་ཞིང་པ། ཆེད་ལས་ལག་རྩལ་མི་སྣ་བཅས་ཀྱི་ཏང་ཡོན་ཁྲོད་ཀྱི་སྔོན་ཐོན་དཔེ་ལེགས་ཅན་འཐུས་མིའི་འོས་མིར་འོས་སྦྱོར་བྱ་རྒྱུར་མཐོང་ཆེན་བྱེད་དགོས། བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཐུས་མིས་བསྡུར་ཚད་ངེས་ཅན་ཞིག་ཟིན་དགོས། དཔལ་འབྱོར་དང་ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་སྒྲོག རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ་དང་ལས་ཞུགས་ཚོགས་སྤྱི་གསར་བ་སོགས་ཕྱོགས་སོ་སོའི་འཐུས་མི་ཡོད་དགོས་ཞེས་གཏན་འཁེལ་གསལ་བོ་བྱས་ཡོད།

ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མིའི་འདེམས་བསྐོ་བདམས་ཐོན་ཐད་ནས། འོག་རིམ་ནས་གོང་རིམ་དང་། གོང་འོག་ཟུང་འབྲེལ། ཡང་དང་བསྐྱར་དུ་གྲོས་བསྡུར་བྱེད་པ། རིམ་པ་རེ་རེ་བཞིན་གདམ་གསེས་བྱེད་པའི་བྱེད་ཐབས་སྤྱོད་དགོས། སློབ་གསོ་དྲིལ་བསྒྲགས་གཏིང་ཟབ་སྤེལ་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་འཐུས་མིའི་འོས་མི་འོས་སྦྱོར་མིང་འདོན་ཁྲོད་ཞུགས་སུ་འཇུག་དགོས། ཏང་རྩ་འཛུགས་དང་ཏང་ཡོན་མང་ཆེ་བའི་བསམ་འཆར་ལྟར་རིམ་པ་བཞིན་གདམ་གསེས་ལེགས་འདེམས་བྱེད་དགོས། རྩ་འཛུགས་ཀྱིས་རྟོག་ཞིབ་ནན་པོ་བྱེད་པ་དང་གྲངས་ཚད་བརྒལ་ནས་རྟོག་ཞིབ་བྱ་རྒྱུ་མ་ཟད་རྟོག་ཞིབ་སྔོན་བརྡ་གཏོང་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཏང་ཡོན། མང་ཚོགས་བཅས་ཀྱི་བསམ་འཆར་ལ་གང་ལེགས་སྒོས་ཉན་དགོས། ཚོགས་འདུའི་ཐོག་འདེམས་བསྐོ་ཡག་པོ་བྱེད་དགོས་པ་སྟེ། འཐུས་མིར་མི་གྲངས་འཕར་མ་ཡོད་པའི་སྒོ་ནས་འདེམས་བསྐོ་བྱེད་དགོས་པ་དང་། མི་གྲངས་འཕར་མའི་བསྡུར་ཚད15%ལས་མང་དགོས་པའི་བླང་བྱ་བཏོན།

ཏང་ཀྲུང་དབྱང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་གཟབ་ནན་ཞིབ་ཕྲ་ལྡན་པའི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམས་བསྐོ་བཅས་ཀྱི་སྒྲིག་ཁྲིམས་དམ་སྲུང་བྱེད་པ་དང་། དམ་འཛིན་བྱེད་དགོས་པའི་རྩ་དོན་དང་བྱེད་ཐབས་ཁོར་ཡུག་རྒྱུན་འཁྱོངས་བྱས་ནས། ཧུའུ་ནན་ཧེང་དབྱང་དང་སི་ཁྲོན་ནན་ཁྲུང་སོགས་སུ་འོས་ཤོག་ཉོ་འཚོང་བྱས་པ་དང་འདེམས་བསྐོར་གཏོར་བཤིག་བཏང་བའི་གྱོད་གཞི་སྤྱད་དེ། ཉེན་ཟོན་སློབ་གསོ་སྤེལ་དགོས་པ་དང་བསླབ་བྱ་བླངས་ཏེ་དྲན་སྐུལ་བྱ་དགོས། འཐུས་མིའི་འདེམས་བསྐོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་འགལ་ལུགས་དཀྲུག་གི་གནད་དོན་རིགས་བཟོད་སྒོམ་གཏན་ནས་མི་བྱེད་པར། ཤེས་རྟོགས་བྱུང་མ་ཐག་མཐའ་གཅིག་ཏུ་ཐག་གཅོད་བྱས་ནས་སྤྱོད་གཙང་གཞུང་དྲང་ཡོང་བར་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། འཐུས་མི་འདེམས་ཐོན་བྱུང་བ་བརྒྱུད་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གཤིས་དང་ཏང་སྲོལ་ཏང་གི་ལོ་རྒྱུས་སློབ་གསོ། དེ་བཞིན་ཏང་ནང་ཁུལ་གྱི་འཚོ་བ་གསོན་ཉམས་ལྡན་པར་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་མ་ཐེབས་པ། བྱ་གཞག་གསར་གཏོད་ལ་སྐུལ་སློང་ཐེབས་པ་བཅས་ཀྱི་གོ་རིམ་གལ་ཆེན་པོ་ཞིག་ཏུ་འགྱུར་བའི་རྨང་གཞིའི་སྟེང་། ཏང་གི་གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་སྔར་ལས་ཇེ་ཆེར་འགྲོ་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། རྡོག་རྩ་གཅིག་སྒྲིལ་གྱིས་འབད་བརྩོན་ལྷོད་མེད་ངང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་ཐུན་མོང་འབད་འཐབ་བྱས་ཏེ། རྣམ་པ་གསར་པ་བསྐྲུན་ཅིང་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་ཆེན་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལེའུ་གསར་པ་རྩོམ་དགོས།

ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱ་བ་ད་ལྟ་ནས་མགོ་བརྩམས་པ་དང་། སང་ལོའི་ཟླ6པའི་ཟླ་མཇུག་སྔོན་ལ་མཇུག་སྒྲིལ་རྒྱུ་རེད། །

热门新闻

热门图库

热门排行