མཚོ་ལྷོ་ཁུལ་གྱིས་ངལ་རྩོལ་བར་ཁེ་པའི་དཔུང་སྡེ་སྐྱེད་སྲིང་བྱས་ཏེ་རོང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ལམ་བུ་བཏོད།
ངལ་རྩོལ་བར་ཁེ་པ་ནི་ཁེ་ལས་དང་རོང་འབྲོག་མང་ཚོགས་བར་གྱི་སྦྲེལ་ཐག་ལྟ་བུ་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ངལ་རྩོལ་བར་ཁེ་པའི་དཔུང་སྡེ་སྟོབས་ཆེར་བཏང་སྟེ། ཞབས་ཞུའི་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་བ་དང་ཕྱིར་གཏོང་གི་ལམ་བུ་རྒྱ་སྐྱེད་ནས།རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དེ་ཐར་ཐོར་ནས་གོ་རིམ་ལྡན་པར་བསྒྱུར་ཏེ་མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་བྱེད་བཞིན་ཡོད།
ཤང་རེ་ནས་ཉུང་མཐར་མི་གཅིག་རེ་ཡོད་པ་དང་སྡེ་བ་གཙོ་བོར་ཡོངས་སུ་ཁྱབ་པའི་དམིགས་ཚད་གཞིར་བཟུང་སྟེ། མཚོ་ལྷོ་ཁུལ་གྱིས་ཕྱུག་འགྱུར་སྣེ་ཁྲིད་པ་དང་ཕ་ཡུལ་དུ་ལོག་པའི་ལས་གཏོད་པ། མཉམ་ལས་ཁང་གི་འགན་འཁུར་མི་སྣ་སོགས་ལས་ཕུལ་བྱུང་མི་སྣ་བདམས་ཐོན་བྱུང་སྟེ།ཆ་འཕྲིན་དང་ལས་རྐང་།གྲུབ་འབྲས་བཅས་ཀྱི་རྩིས་ཐོ་གསུམ་བཟོས་ནས་དུས་ཐོག་ཏུ་དོ་དམ་བྱེད་ཀྱིན་ཡོད། མིག་སྔར།ཁུལ་ཡོངས་སུ་བསྡོམས་པས་ངལ་རྩོལ་བར་ཁེ་པ348ཡོད་པ་དང་།དེ་དག་རྫོང་ལྔ་ཡི་ཤང་དང་གྲོང་བརྡལ36ལ་ཁྱབ་ཡོད་ལ།རྐང་འཛིན་བར་ཁེ་པ58ཀྱིས་དུས་རྒྱུན་དུ་ངལ་ལས་མཐུན་སྦྱོར་གྱི་བྱ་བ་སྤེལ་བཞིན་ཡོད།ལས་རྐང་མཁོ་སྤྲོད་དང་ངལ་རྩོལ་ནུས་ཤུགས་སྐུལ་སློང་།ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ནང་དོན་གཙོ་བོར་གཞིགས་ནས།ས་གནས་ཀྱིས་རིམ་དགར་རིགས་དགར་གྱིས་ཆེད་དོན་གསོ་སྦྱོང་སྤེལ་བ་དང་།བསྡོམས་པས་མི་ཐེངས298ལ་གསོ་སྦྱོང་བྱས་ནས་ལས་ཞུགས་ཐུབ་ཚད40%ཡན་མཐོ་རུ་ཕྱིན་ཡོད། ད་ལོའི་ལོ་མཇུག་ཏུ། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ426གི་ངལ་རྩོལ་བར་ཁེ་པར་རེས་སྐོར་སྦྱོང་བརྡར་བྱས་ཏེ། ངལ་ལས་བར་ཁེ་པ་རྣམས་སྲིད་ཇུས་དྲིལ་སྒྲོག་པ་དང་ལས་ཞུགས་འབྲེལ་མཐུད་པ། ཁེ་དབང་ལྟ་སྐུལ་པ་བཅས་སུ་འགྱུར་བར་སྐུལ་འདེད་བྱ་རྒྱུ་རེད། དཔུང་སྡེའི་གསོན་ཤུགས་སྐུལ་སློང་བྱ་ཆེད།མཚོ་ལྷོ་ཁུལ་གྱིས་ངལ་རྩོལ་ནུས་ཤུགས་བསྒྱུར་སྤོ་བྱེད་པའི་ལས་ཞུགས་ཀྱི་ཁ་གསབ་བྱེད་ཐབས་བཏོན་སྟེ།བསྟུད་མར་ལོ་གཉིས་ཀྱི་རིང་ལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཚོགས་ཆེན་འཚོགས་ནས། ཕུལ་བྱུང་ངལ་རྩོལ་བར་ཁེ་པ་རྣམས་ལ་ཁ་གསབ་མ་དངུལ་སྒོར་ཁྲི8.85སྤྲད་པ་དང་།བྱ་དགའ་ཐོབ་པའི་བར་ཁེ་པ་རྣམས་ཀྱིས་ཆ་སྙོམས་མི70ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས། དུས་མཚུངས་སུ། ངལ་རྩོལ་བར་ཁེ་པ་སྐྱེད་སྲིང་བྱེད་པ་དེ་གྲོང་གསེབ་དར་སྤེལ་གྱི་དཔྱད་ཞིབ་ནང་དུ་བཞག་སྟེ།ལས་ཞུགས་སྐུལ་ཁྲིད་བྱེད་ཚད་ལོ་སྔོན་མ་དང་བསྡུར་ན35%འཕར་སྣོན་བྱུང་།ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་གྱི་དགེ་མཚན་ལ་བརྟེན་ནས།མཚོ་ལྷོ་ཁུལ་གྱིས་ངལ་རྩོལ་བར་ཁེ་པ་ཅང་སུའུ་དང་མཚོ་ནུབ་ས་ཁུལ་སོགས་སུ་མངགས་ནས་ངལ་ལས་མཐུན་སྦྱོར་བྱ་འགུལ་སྤེལ་ཏེ།ཁུལ་གཏོགས་དང་ཞིང་ཆེན་ནང་ཁུལ།ཞིང་ཆེན་ཕྱི་བཅས་ཀྱི་ངལ་ལས་ཕྱིར་གཏོང་ལམ་བུ་བཏོད་དེ།ཞིང་ཆེན་ཕྱི་རུ་ཡོང་སྒོ་འཚོལ་བ་དང་ཞིང་ཆེན་ནང་ཁུལ་གྱི་ལས་རྐང་བརྟན་པོ་ཡིན་པ།ཁུལ་ཁོངས་ཀྱི་ཐག་ཉེ་ས་ནས་ལས་ཞུགས་བྱེད་པ་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད།ངལ་རྩོལ་བར་ཁེ་པ་དང་ཞིང་ཆེན་ཕྱིའི་བྱ་བའི་ས་ཚིགས།ལས་བསྡུ་ཁེ་ལས་བཅས་ཀྱི་མཉམ་ལས་བྱེད་སྟངས་བརྒྱུད་དེ། ངལ་ལས་རྩ་འཛུགས་རང་བཞིན་གྱིས་ཕྱིར་གཏོང་བྱེད་ཚད26%ཡན་ཟིན་ཅིང་། རིམ་རྩིས་ལྟར་ན་རོང་འབྲོག་ཁུལ་གྱི་མི4277གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པས། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི3ལྷག་ཙམ་འཕར་སྣོན་བྱུང་ཡོད་པ་རེད།