ཁྲི་ཀ་རྫོང་གིས་ཕག་ཕྲུག་གསོ་སྤེལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐོན་ལས་གསར་པ་བཏོད་པ།
ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་རྒྱ་རོ་སོག་པོ་སྡེ་བས་རང་བྱུང་ནགས་ཚལ་གྱི་སྐྱེ་ཁམས་ཆ་རྐྱེན་བཟང་པོར་བརྟེན་ནས། ཁྱད་ལྡན་ཕག་ཕྲུག་གསོ་སྤེལ་གྱི་ཐོན་ལས་ཧུར་ཐག་གིས་སྤེལ་ཞིང་། སྐྱེ་ཁམས་འདེབས་འཛུགས་དང་གསོ་སྤེལ་ཟུང་འབྲེལ་གྱི་རྣམ་པ་གསར་པའི་ཐོག་ནས་སྡེ་བའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྡེ་བའི་ནང་གི་བེད་མེད་དུ་ལུས་པའི་ནགས་སའི་ཐོན་ཁུངས་གང་ལེགས་ཀྱིས་བེད་སྤྱོད་བྱས།
མིག་སྔར། ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་རྒྱ་རོ་སོག་པོ་སྡེ་བའི་ནང་དུ་སྐྱེ་ཁམས་ཕག་ཕྲུག་ཁྱོན་བསྡོམས50ལྷག་གསོ་སྤེལ་བྱེད་བཞིན་ཡོད་པ་དང་། དྲོད་ཁང་ནང་གཅིག་སྡུད་ཀྱིས་གསོ་སྤེལ་བྱེད་པ་དང་ཞིང་ཁྱིམ་སོ་སོས་ཁ་ཐོར་དུ་གསོ་སྤེལ་བྱེད་པའི་ཐབས་ལམ་སྤྱད་ཡོད། སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གིས་ཉིན་རྒྱུན་གྱི་གསོ་སྤེལ་དོ་དམ་དང་གཟན་ཆས་བགོ་བཤའ། ནད་ཡམས་སྔོན་འགོག་སོགས་ཀྱི་རྨང་གཞིའི་འགན་སྲུང་བྱ་བར་གཅིག་གྱུར་གྱིས་འགན་འཁུར་ཞིང་། ཕག་ཕྲུག་ཁྱིམ་ཚང་རེ་རེར་བགོས་ནས་གསོ་སྤེལ་བྱེད་བཞིན་ཡོད། སྡེ་བས་དྲ་ཐོག་ཚོང་ལམ་ལ་བརྟེན་ནས་ཚོང་རར་གཅིག་གྱུར་གྱིས་སྦྲེལ་མཐུད་དང་ཕྱིར་འཚོང་གཅིག་གྱུར་འཆར་འགོད་བྱས་ཏེ། ཚད་ལྡན་ཅན་དང་རྒྱུན་མཐུད་ཐུབ་པའི་གསོ་སྤེལ་ཐོན་སྐྱེད་དང་ཕྱིར་འཚོང་གི་མ་ལག་ཅིག་ཆགས་པར་བྱས་ཡོད།
ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་རྒྱ་རོ་སོག་པོ་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གི་ཚན་གཙོ་མཁར་བྱམས་ཡག་གིས་བཤད་རྒྱུར། ང་ཚོའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གིས་གཙོ་བོ་གསོ་སྤེལ་དོ་དམ་དང་གཟན་ཆས་བགོ་བཤའ། ནད་ཡམས་སྔོན་འགོག་སོགས་ཀྱི་བྱ་བ་ལེགས་པར་སྒྲུབ་རྒྱུ་དེ་ཡིན་ལ། ང་ཚོས་ཁྱིམ་ཚང་སོ་སོར་ཕག་ཕྲུག་བགོས་ནས་གསོ་རུ་འཇུག་རྩིས་ཡོད། དེས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཀྱང་འཕར་ཐུབ་ཟེར།
ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་མི་དམངས་སྲིད་གཞུང་གི་གྲོང་བརྡལ་མགོ་གཙོ་གཞོན་པ་ཕན་ཝེ་ཡིས་བཤད་རྒྱུར། ཐོན་ལས་འདིས་ཞིང་པའི་ཁྱིམ་ཚང་གི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་བར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་རྒྱུན་མཐུད་ངང་སྟོབས་ཆེར་བཏང་སྟེ། མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་ཡོད་ཟེར།
རྨ་ནུབ་གྲོང་བརྡལ་རྒྱ་རོ་སོག་པོ་སྡེ་བའི་ཁྱད་ལྡན་གསོ་སྤེལ་ཐོན་ལས་ཀྱིས་སྡེ་བའི་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་གང་ལེགས་སྒོས་མངོན་པར་བྱས་ཤིང་། གཅིག་གྱུར་དོ་དམ་དང་ཁག་བགོས་གསོ་སྤེལ། གཅིག་གྱུར་ཕྱིར་འཚོང་བཅས་ཀྱི་འཕེལ་རྒྱས་བྱེད་སྟངས་བརྒྱུད་ནས། སྡེ་མིའི་འབབ་འཕར་དང་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བར་སྐུལ་ཁྲིད་ནུས་ལྡན་བྱས་པས། གྲོང་གསེབ་ཀྱི་ཐོན་ལས་སྣ་མང་ཅན་དང་ཁྱད་ལྡན་ཅན་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།