ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་ཝུན་ཐིན་སྲང་ལམ་སྡེ་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་ཝུན་ཐིན་སྲང་ལམ་སྡེ་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་ལ་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ། དམངས་འཚོ་ཞབས་ཞུ་འགན་ལེན་སོགས་ཀྱི་གནས་ཚུལ་བཅས་ལ་ཞིབ་དཔྱད་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱེད་པ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་དང་སྦྲེལ་མཐུད་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། གཞི་རིམ་བཅོས་སྐྱོང་ལ་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་ཟབ་སྤེལ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་ལ་ཕབ་ཅིང་རྩ་བ་ཚུགས་པར་ངེས་པ་དོན་གྱིས་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་ནན་འཛིན་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲེལ་སེལ་བ་དང་དམངས་འཚོ་ལྟ་སྐྱོང་བྱེད་དགོས།
ཝང་ཝའེ་ཏུང་དང་ཀྲུའུ་ཞང་ཧྥེང་གཉིས་མཉམ་ཞུགས་བྱས།
ལུའོ་ཏུང་ཁྲོན་ཝུན་ཐིན་སྲང་ལམ་སྡེ་ཁུལ་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས། སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིས་སྡེ་ཁུལ་གྱི་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་འགྱུར་ལྡོག་ངོ་སྤྲོད་བྱས་པར་གསན་པ་དང་། གྲོང་ཁྱེར་དང་ས་ཁུལ། སྲང་ལམ། སྡེ་ཁུལ་བཅས་ཀྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱི་འཐུས་མི་དང་མཉམ་དུ་བཞུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་ཕྱིར་དྲན་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱེད་པར་དམིགས་ཏེ་ངོས་ཟིན་གླེང་བ་དང་གོ་རྟོགས་གསུང་བ། མ་འོངས་པ་མོལ་བ་བཅས་གནང་། ལུའོ་ཏུང་ཁྲོན་གྱིས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ལོ་བརྒྱའི་ཏང་ཆེན་གྱི་རང་ངོས་གསར་བརྗེ་ཡི་གོ་རྟོགས་གསར་པ་སྐྱེད་པ་དང་། ཏང་སྲིད་སྤྱོད་ཚུལ་གྱི་འགྱུར་བས་སྤྱི་ཚོགས་དམངས་སྲོལ་གྱི་འགྱུར་བ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ལ། མང་ཚོགས་ཉེ་འགྲམ་གྱི་མཐོང་རེག་ཐུབ་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དང་འབྲེལ་བ་ཟབ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་རྩོམ་པའི་དུས་གནད་གལ་ཆེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཤིན་ཏུ་གལ་ཆེ་བའི་ཚོགས་འདུ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་ཐོག་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ལས། རྒྱུན་སྲིང་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་འཐབ་ཇུས་བཀོད་སྒྲིག་གནང་ཡོད་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་བ་དང་ཏང་སྟོབས་པའི་ཆབ་སྲིད་བློ་སྤོབས་ཆེན་མོ་དང་འགན་འཁྲི་ཁག་ཁུར་དྲག་པོ་ཕུན་སུམ་ཚོགས་པར་མཚོན་ཡོད་ལ། ཏང་ཀྲུང་དབྱང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕུགས་འདུན་ཆེན་པོ་བརྒྱུད་སྤྲོད་གནང་ཡོད་ཅེས་གསུངས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། གཞི་རིམ་ནི་རྒྱལ་ཁབ་བཅོས་སྐྱོང་གི་མཇུག་སྣེ་ཡིན་པས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཆེས་མདུན་གྲས་ཡིན་ལ། ཏང་སྐྱོང་ལས་དོན་དངོས་ལ་ཕབ་ཅིང་རྩ་བ་ཚུགས་པའི་རྨང་རྡོ་ཡང་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་ཆབ་སྲིད་ནང་དོན་གལ་ཆེན་ཁོང་དུ་ཟབ་མོར་ཆུད་པ་དང་། ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་དགོངས་གཞིར་གོ་བ་ཟབ་མོ་ལེན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བློ་སྒྲིག་སེམས་སྐྱེད་བྱེད་པ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་རང་རྟོགས་ཀྱིས་གཅིག་གྱུར་ཡོང་བར་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། གཞི་རིམ་ཤུགས་ཆེན་པོས་འཛིན་པའི་ཁྲིད་སྟོན་གསལ་པོ་བརྟན་པོར་འཛུགས་པ་དང་། དགོངས་གཞི་ནན་མོ་གཞི་རིམ་དང་པོར་བརྒྱུད་སྤྲོད་བྱེད་པ། ཀྲི་པུའུ་འཛུགས་སྐྲུན་དང་ཏང་ཡོན་དོ་དམ། གཞི་རིམ་བཅོས་སྐྱོང་གི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། གཞི་རིམ་གྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དམ་འཛིན་ནན་འཛིན་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་སྡུད་དག་ཐེར་གྱི་འགག་སྒྲོལ་རྟིང་ཐག་གཅོད་པའི་དམག་འཐབ་སྟོབས་ཤུགས་བསྡུས་ནས་ལེགས་པར་བརྒྱབ་སྟེ། གཞི་རིམ་ཏང་རྩ་འཛུགས་དེ་དམག་འཐབ་བཙན་རྫོང་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་འཛུགས་པ་དང་། “རྒྱང་རིང་གི་གཉེན་ཉེ་ལས་ཐག་ཉེ་བའི་ཁྱིམ་མཚེས་བཟང་བའི”འདུ་ཤེས་བྱེ་བྲག་ལས་དོན་ཁྲོད་འདྲེས་སུ་འཇུག་པ། ཞབས་ཞུ་གཡུལ་ས་རིགས་སྣ་ཚོགས་བེད་སྤྱོད་ལེགས་པོ་བྱེད་པ། དོན་བཟང་དང་དོན་དངོས་སེམས་ཞིབ་མོ་དང་བརྩེ་བ་རྣལ་མོས་མང་ཚོགས་ཀྱི་སེམས་ལ་འབབ་པར་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྣེ་ཁྲིད་དགོས། ཏང་ཡོན་ལས་བྱེད་པའི་གདོང་མཆོང་མིག་དཔེ་ནུས་པ་ལེགས་པར་འདོན་པ་དང་། མང་ཚོགས་དང་འབྲེལ་བ་ཟབ་མོ་བྱེད་པ། བརྩེ་བ་རྣལ་མས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། མང་ཚོགས་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་རྒྱང་སྐྱོད་གསར་པའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་དྲན་པ་དང་ཏང་གི་བཀར་ཉན་པ། ཏང་གི་རྗེས་འབྲང་བར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས། །