གནད་བསྡུས། 详情

ཞིན་ཧེ་རྫོང་གིས་བོད་སྨན་གྱི་སོན་རྒྱུའི་ཐོན་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བྱས།

སོན་རྒྱུའི་ཐོན་ཁུངས་ནི་མཐོ་སྒང་གི་སྐྱེ་དངོས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ།  ཉེ་བའི་ལོ་ཤས་རིང་། ཞིན་ཧེ་རྫོང་གིས་མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་རྒྱལ་ཁབ་ཀྱི་རི་བོ་གཉིས་ཀྱི་རིགས་པའི་གཞུང་ལུགས་ལག་ལེན་རྟེན་གཞིའི་འཛུགས་སྐྲུན་ལ་བརྟེན་ནས་བོད་སྨན་གྱི་སོན་རྒྱུའི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་། ཉར་ཚགས། གསོ་སྐྱོང་། བེད་སྤྱོད་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོར་སྲུང་སྐྱོང་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མཐོ་སྒང་གི་བོད་སྨན་གྱི་སོན་རྒྱུའི་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱས།

ཞིན་ཧེ་རྫོང་གིས་རྫོང་ཁོངས་ཀྱི་རི་སྐྱེས་རྩི་ཤིང་ཐོན་ཁུངས་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ་བོད་སྨན་གྱི་སྨན་རྒྱུའི་ཐོན་ཁུངས་ཀྱི་གནས་ཚུལ་གསལ་པོར་རྟོགས་ནས། རིམ་རྩིས་བྱས་ན་རི་སྐྱེས་རྩི་ཤིང་རིགས1743ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་།རང་ཡུལ་གྱི་སྨན་རྩྭའི་རིགས475གདམ་གསེས་གསལ་འབྱེད་བྱས་ཤིང་། ཕྱི་རོལ་དུ་བོད་སྨན་གྱི་སྨན་རྒྱུའི་རིགས745འཚོལ་བསྡུ་དང་དབྱེ་འབྱེད་བྱས། ས་གནས་དེ་གར་ཆེད་ལས་ཅན་གྱི་རྩི་ཤིང་མ་དཔེ་ཁང་བསྐྲུན་པ་དང་། བོད་སྨན་གྱི་མ་དཔེ་རིགས266ཚད་ལྡན་ཅན་གྱི་ལེགས་སྒྲིག་དང་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་ལེགས་འགྲུབ་བྱུང་ཞིང་། ཞིབ་ཚགས་དང་གནད་ལ་འཁེལ་བའི་སྒོ་ནས་ས་གནས་དེ་གའི་སྨན་རྩྭའི་ཐོན་ཁུངས་ཀྱི་རྩིས་ཐོ་བཟོས། ཚད་ལྡན་ཅན་གྱི་མཐོ་དབུས་མཐོ་སྒང་གི་སྨན་རྩྭའི་ས་བོན་མཛོད་ལ་བརྟེན་ནས་ཞིན་ཧེ་རྫོང་གིས་བོད་སྨན་གྱི་ས་བོན་གཞི་གྲངས་ཅན་གྱི་དོ་དམ་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ནས་མདོ་དབུས་མཐོ་སྒང་གི་སྨན་རྩྭའི་ས་བོན་དཔེ་རིས་མེ་ལོང་ཞེས་པ་བཟོས་ནས། མིག་སྔར་ས་བབ་མཐོ་བའི་སྨན་རྩྭའི་ས་བོན་ཁྲི1200ཉར་ཚགས་བྱས་ཡོད་པ་དེ་མཐོ་སྒང་གི་རྩ་ཆེའི་སྨན་རྩྭའི་རིགས266ཚུད་ཡོད། རྗེས་མར་ས་གནས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི4000བཏང་ནས་སོན་རྒྱུའི་ཐོན་ཁུངས་མཛོད་ལེགས་བཅོས་བྱས་ཏེ་སོན་རྒྱུའི་ཉར་ཚགས་དང་ཚན་རིག་ཞིབ་འཇུག་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་རྩིས་ཡོད་ཅིང་།

སྒོ་རའི་ནང་ཚོད་ལྟའི་གསོ་སྐྱོང་དང་གྲོང་གསེབ་ཀྱི་ཕྱི་རོལ་སྐྱེ་ཁམས་གསོ་སྐྱོང་བྱེད་སྟངས་གཞིར་བཟུང་ནས་ཞིན་ཧེ་རྫོང་གིས་ཚོད་ལྟའི་ཞིང་ས་བཀོད་སྒྲིག་བྱས་ཏེ། གཞི་ཁྱོན་ཅན་གྱི་སྒོ་ནས་ལྕུམ་རྩ་དང་སྲོ་ལོ་དམར་པོ་སོགས་བོད་སྨན་གྱི་སྨན་རྒྱུ་གསོ་སྐྱོང་བྱས་ནས་དཀོན་པའི་སྨན་རྒྱུ་ནང་འདྲེན་དང་འདུལ་གསོ་བྱེད་པའི་ཚོད་ལྟ་བྱ་རྒྱུ་རེད། རི་སྐྱེས་སོན་རྒྱུའི་ཐོན་ཁུངས་ར་བ10བསྐྲུན་ནས་རང་བྱུང་རྩྭ་ཐང་སྤྱི་ཆིང200བེད་སྤྱོད་གང་ལེགས་བྱས་པ་དང་གདོད་མའི་ཁོར་ཡུག་ལ་ལད་ཟློས་སྒོས་སྐྱེ་ཁམས་གསོ་སྐྱོང་བྱ་རྒྱུ་རེད། མིའི་ཐབས་གསོ་སྤེལ་ཀྱིས་རི་སྐྱེས་ཀྱི་གོ་རིམ་མེད་པའི་འཚོལ་བཏུའི་ཚབ་བྱས་པས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱས་པར་མ་ཟད། རོང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་ཀྱང་བསྐྲུན་པ་རེད། 

    ས་གནས་དེ་གས་ཚན་རིག་ཞིབ་འཇུག་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ཞིང་། མཐོ་སྒང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྨན་རྩྭའི་རྒྱུན་མཐུད་བེད་སྤྱོད་ལ་དམིགས་ནས་ཆེད་དོན་ཚན་རྩལ་ལས་གཞི4ལག་བསྟར་བྱས་ཏེ། རི་སྐྱེས་སྨན་རྩྭ་ཚུལ་མིན་གྱིས་འཚོལ་བསྡུ་བྱེད་པའི་བྱ་སྤྱོད་ལ་སྔོན་འགོག་བྱེད་པ་དང་ཁུངས་སྣེ་ཡོད་པའི་སྨན་རྩྭའི་མཁོ་འདོན་མ་ལག་བཙུགས་ནས་ཞིང་ཆེན་རིམ་པའི་སྨན་རྩྭའི་ཐོན་ཁུངས་སྲུང་སྐྱོང་གི་ཚན་རིག་ཞིབ་འཇུག་ཁྱབ་གདལ་རྟེན་གཞིར་བདམས་ཏེ། བོད་སྨན་གྱི་ཐོན་ཁུངས་སྲུང་སྐྱོང་དེ་སྐྱེ་ཁམས་གཙོ་བོ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད། 


热门新闻

热门图库

热门排行