ཁྲི་ཀ་རྫོང་གིས་དྲ་ཐོག་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་གྲལ་བཤེར་བྱས་པ།
ཉེ་ཆར། ཁྲི་ཀ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་སྤྱི་བདེ་ཅུའུ་དང་མཉམ་དུ་དྲ་ཐོག་བཟའ་བཅའ་བདེ་འཇགས་ཆེད་དོན་གྲལ་བཤེར་བཅོས་སྐྱོང་གི་བྱ་འགུལ་སྤེལ་བ་དང་། ཟ་མ་སྐྱེལ་མཁན་དྲ་ཐོག་ཚོང་དུད་ཀྱི་ཚོང་གཉེར་བྱེད་ཚད་མང་བ་དང་མང་ཚོགས་ཀྱི་དོ་ཁུར་བྱེད་ཚད་མཐོ་བའི་དྲ་ཐོག་ཚོང་དུད་ལ་དམིགས་ནས་སྐབས་བསྟུན་ཞིབ་བཤེར་བྱས་པ་དང་། དེ་མིན་དུས་ཐོག་ཏུ་ཁྱེད་ཀྱིས་བཤད་ན་ངས་ཞིབ་བཤེར་བྱ་ཞེས་པའི་བྱེད་སྒོ་སྤེལ་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་དྲ་ཐོག་བཟའ་བཅའ་ཚོང་གཉེར་གྱི་སྒྲིག་ལམ་ཚད་ལྡན་དུ་བཏང་བ་དང་།བཟའ་བཅའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་གི་བྱ་བ་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བྱས།
ཆེད་དོན་ཞིབ་བཤེར་དེ་ཉིན་གུང་དང་མཚན་མོའི་ཟ་མ་མངག་ཉོ་མང་བའི་དུས་སུ་སྐབས་བསྟུན་འཐེན་བཤེར་དང་། འཕྲལ་སྒྲུབ་ཞིབ་བཤེར། འཚང་གཡོལ་སྐོར་ཞིབ་བཅས་ཟུང་འབྲེལ་བྱེད་སྟངས་སྤྱད་ནས། ཁྲིམས་འཛིན་མི་སྣས་ཚོང་པའི་བཟའ་བཅའ་ཚོང་གཉེར་གྱི་འོས་བབ་ཆ་ཚང་དང་ནུས་ལྡན་ཡིན་མིན་དང་། བཟའ་བཅའི་བདེ་འཇགས་ཀྱི་མིང་རྟགས་ཚད་ལྡན་སྤྱོད་མིན་ལ་གཙོ་གནད་དུ་བརྟག་བཤེར་དང་། ཐབ་ཚང་གི་ཁོར་ཡུག་གཙང་སྦྲ་དང་། མ་བཅོས་རྒྱུ་ཆ་གསོག་འཇོག བཟའ་བཅའ་ལས་སྣོན་བྱེད་སྟངས། གསོལ་ཆས་དུག་སེལ་སོགས་ལ་ཞིབ་བཤེར་ནན་མོ་བྱས་ནས། ཉེན་ཁ་ཆེ་བ་དང་མི་འདང་སར་རེ་རེ་བཞིན་གྲལ་བཤེར་བྱས་པ་དང་། ཡུལ་དངོས་ནས་མཐོང་བའི་ཚད་དང་མི་མཐུན་པའི་གནད་དོན་དེ་མུར་དྲན་སྐུལ་དང་ལེགས་བཅོས་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་བྱུར་རྐྱེན་རྩ་བ་ནས་སེལ་བ་རེད།
རེབ་འདིར་བཅོས་སྐྱོང་བྱེད་སྐབས་ཁྱེད་ཀྱིས་བཤད་ན་ངས་ཞིབ་བཤེར་བྱ་ཞེས་པའི་མཉམ་འགུལ་བྱ་འགུལ་དུས་གཅིག་ཏུ་སྤེལ་ནས། སྤྱི་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་རྒྱ་ཆེར་བཏང་བ་དང་འཐེན་བཤེར་བྱ་ཡུལ་དང་སྣ་ཁ་འདེམས་པའི་དབང་ཆ་མང་ཚོགས་ལ་སྤྲད་པ་དང་། མང་ཚོགས་ཀྱིས་འདེམས་ཤོག་འཕེན་པ་དང་འདྲི་ཚིག་འདོན་པ་སོགས་བཟའ་བཏུང་ཁང་དང་བཟའ་བཅའི་སྣ་ཁར་དམིགས་ནས་འཐེན་བཤེར་བྱས་པ་དང་ཞིབ་བཤེར་མཇུག་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ། བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་མངོན་གསལ་དུ་མཐོང་ཐུབ་པ་དང་མང་ཚོགས་ཞུགས་ཆོག་པ། མང་ཚོགས་ཀྱིས་ཟ་མ་མངག་ཉོར་ལྟ་སྐུལ་དོ་དམ་བྱས་ནས། མང་ཚོགས་ཀྱི་ཕྱི་ཟས་བདེ་འཇགས་ལ་དོ་ཁུར་བྱེད་པའི་རེ་བ་བསྐང་ཅི་ཐུབ་བྱ་རྒྱུ་རེད།
བཅོས་སྐྱོང་བྱེད་སྐབས་སྡེ་ཁག་གཉིས་ཀྱིས་མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཆ་འཕྲིན་སྤེལ་རེས་དང་ཁྲིམས་ཆད་འབྲེལ་མཐུད་ལ་ཤུགས་སྣོན་བྱས་པ་དང་། གྲལ་བཤེར་བྱས་པའི་གནད་དོན་ཚང་མ་ཐོ་འགོད་བྱས་ཏེ། གནད་དོན་གྱི་རྩིས་ཁྲ་བཟོ་བ་དང་ཡུལ་དངོས་སུ་སྒྲུབ་གཉེར་བྱེད་པ། དུས་བཅད་ལྟར་དག་ཐེར་བྱེད་སྟངས་སྤྱོད་པ། གསལ་ཐོ་དོ་དམ་དང་གནད་དོན་དག་ཐེར་ལག་ལེན་དུ་བསྟར། རྩད་གཅོད་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པ། ཟས་རིགས་བདེ་འཇགས་ཉེས་གསོག་གི་དོགས་ཡོད་ཁུངས་སྣེ་ཡོད་ཚེ་འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་ནས་ཐག་གཅོད་བྱེད་པ་དང་། དྲ་ལམ་བཟའ་བཅའི་སྟེགས་བུའི་འགན་འཁུར་གཙོ་བོ་དང་དྲ་ཞུགས་ཟ་ཁང་གི་ཟས་རིགས་བདེ་འཇགས་ཀྱི་འགན་ཁུར་པ་གཙོ་བོར་འགན་འཁྲི་རིམ་པ་བཞིན་བདའ་འདེད་ནན་མོ་བྱ་རྒྱུ་རེད།