མཚོ་སྔོན་ཞིང་ཆེན་གྱིས་དགུན་དུས་དྲོད་ཁོལ་སྐྱེལ་བ་ཞེས་པའི་ཆེད་དོན་རོགས་སྐྱོབ་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས་པ།
ཟླ11པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱིས2026ལོ་ནས 2027ལོའི་བར་གྱི་དགུན་དུས་དྲོད་ཁོལ་སྐྱེལ་བ་ཞེས་པའི་ཆེད་དོན་རོགས་སྐྱོབ་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས་ཤིང་། བྱ་འགུལ་འདི2027ལོའི་ཟླ3པའི་ཚེས31ཉིན་བར་རྒྱུན་མཐུད་ནས་སྤེལ་རྒྱུ་རེད། བྱ་འགུལ་དེས་གཏན་སྡོད་མིན་པའི་མི་སྣ་དང་གནས་སྐབས་དཀའ་ངལ་ལ་འཕྲད་ཡོད་པའི་མང་ཚོགས་ལ་དམིགས་ཏེ། དགུན་དུས་ཀྱི་རོགས་སྐྱོབ་བྱ་བ་ཏན་ཏིག་གིས་དམ་འཛིན་བྱས་ནས། དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་བར་འགན་ལེན་བྱས་ཡོད།
གཞུང་དངོས། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་སྣེ་ཁྲིད་དང་གཅིག་གྱུར་འཆར་འགོད་འོག ཞིང་ཆེན་ཡོངས་ཀྱི་རོགས་སྐྱོབ་དོ་དམ་བྱ་བར་དངོས་ཕན་མངོན་གསལ་ཐོབ་ཡོད་ལ། རིམ་རྩིས་བྱས་ན་གནས་སྐབས་དཀའ་ངལ་ལ་འཕྲད་ཡོད་པའི་མི་སྣ་མི་ཐེངས3398ལ་རོགས་སྐྱོབ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་ཁྲོམ་གཞུང་སྐོར་ཞིབ་ཐེངས་ཁྲི1.8ལྷག་བྱས། མི་ཐེངས325རང་ཡུལ་དུ་ལོག་པར་རོགས་རམ་བྱས་ཤིང་། མི་ཐེངས70སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་བཅས་བྱས་ཏེ། གཏན་སྡོད་མིན་པའི་མི་སྣ་དང་གནས་སྐབས་དཀའ་ངལ་ལ་འཕྲད་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཆ་རྐྱེན་འགན་ལེན་ཏན་ཏིག་བྱས།
ཆེད་དོན་བྱ་འགུལ་སྤེལ་བའི་རིང་ལ། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་རིམ་པ་སོ་སོའི་རོགས་སྐྱོབ་དོ་དམ་ལས་ཁུངས་ཀྱིས་གཙོ་གནད་ས་ཁོངས་དང་ཉེན་ཁ་ཆེ་བའི་དུས་སྐབས་ལ་དམ་པོར་དམིགས་ཏེ། སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་འགུལ་ལ་མུ་མཐུད་དུ་ཤུགས་སྣོན་དང་། མེ་འཁོར་དང་རླངས་འཁོར་འབབ་ཚུགས། ཐང་ཆེན། ཟམ་འོག་དང་ཕུག་ལམ། ཚོང་ཁང་ཆེ་གྲས། ཟ་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་ཉེ་འཁོར་སོགས་གཙོ་གནད་ས་ཁོངས་སུ་ཁྲོམ་གཞུང་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་བཏང་ནས། སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐེ་གཏོགས། སྔ་མོ་ནས་རོགས་སྐྱོབ་བཅས་བྱེད་ཐུབ་པར་འགན་ལེན་བྱེད་བཞིན་ཡོད། དུས་མཚུངས་སུ། རོགས་སྐྱོར་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་དང་དཀའ་ངལ་ཤིན་ཏུ་ཆེ་བའི་མི་སྣར་ཞབས་ཞུ་མཁོ་འདོན། གནས་སྐབས་རོགས་སྐྱོར། སྨན་བཅོས་འགན་སྲུང་། ལས་ཞུགས་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱས་ནས། རོགས་སྐྱོར་གྱི་གནད་འགག་ལ་སྐུལ་འདེད་དང་འབྱུང་རྩ་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་གང་ཐུབ་བྱས་ཤིང་། རིམ་པ་སོ་སོའི་རོགས་སྐྱོར་དོ་དམ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་གྱི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་སྟེ། དུས་ལྟར་བྱུར་རྐྱེན་གྲལ་བཤེར་དང་བདེ་འཇགས་སློབ་གསོ། འཕྲལ་བསྟུན་འཁྲབ་སྦྱོང་བཅས་བྱས་ནས། བདེ་འཇགས་ཀྱི་མཚམས་ཐིག་སྲུང་བ་དང་། སྤྱི་བདེ་དང་གྲོང་ཁྱེར་དོ་དམ་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ། གནམ་གཤིས་མི་ལེགས་པ་དང་ས་ཁོངས་གལ་ཆེན། དུས་མཚམས་གཙོ་བོའི་ནང་གི་ཁྲོམ་སྐོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་གྱིས་ད་དུང་དྲ་ལམ་དང་ཡུལ་དངོས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་དུས་མཉམ་དུ་སྤེལ་བ་དང་། རོགས་སྐྱོར་ཐབས་ལམ་ཤར་གཏོང་དང་རོགས་སྐྱོར་འབྲེལ་གཏུག་ཨང་གྲངས་ཁྱབ་བསྒྲགས་བྱས་ནས། མང་ཚོགས་ཀྱི་རོགས་སྐྱོབ་བྱེད་སྟངས་ཀྱི་འདུ་ཤེས་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།