ལས་རིགས་མཉམ་འདྲེས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་དེ་མཚོ་ལྷོ་ཁུལ་དུ་སྤེལ་མགོ་བརྩམས།
གློག་རྡུལ་ཚོང་དོན་གྱི་དམངས་ཕན་དམངས་ཕྱུག དམངས་དར་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འཛད་སྤྱོད་དངོས་པོའི་རྙིང་ཚབ་གསར་བརྗེའི་སྲིད་ཇུས་དེ་རྫོང་ཁོངས་དང་རོང་འབྲོག་ཁུལ་དུ་ལག་བསྟར་བྱེད་པར་སྐུལ་འདེད་བྱ་ཆེད། ཟླ10པའི་ཚེས30ཉིན། དུས་ཡུན་ཉིན་གཉིས་ཀྱི2026ལོའི་འཛད་སྤྱོད་དངོས་པོའི་རྙིང་ཚབ་གསར་བརྗེ་མཚོ་ལྷོར་བསྐྱོད་པ་དང་རོང་འབྲོག་ཁུལ་དུ་གློག་སྒུལ་རླངས་འཁོར་སྐོར་བསྐྱོད་འགྲེམས་སྟོན་བྱས་ཏེ། ལས་རིགས་མཉམ་འདྲེས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་དེ་གུང་ཧོ་རྫོང་མཚོ་སྔོན་པོ་ཐང་ཆེན་དུ་སྤེལ་མགོ་བརྩམས་ཤིང་། ཐེངས་འདིའི་བྱ་འགུལ་ནི་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་རེད།
བྱ་འགུལ་ཡུལ་དངོས་སུ་འདུ་འཛིའི་རྣམ་པས་ཁེངས་ཤིང་། ཐེངས་འདིའི་བྱ་འགུལ་གྱིས་འཛད་སྤྱོད་དངོས་པོའི་རྙིང་ཚབ་གསར་བརྗེ་མཚོ་ལྷོར་བསྐྱོད་པ་དང་རོང་འབྲོག་ཁུལ་དུ་གློག་སྒུལ་རླངས་འཁོར་སྐོར་བསྐྱོད་འགྲེམས་སྟོན་བྱེད་པ་མཉམ་འདྲེས་གཏིང་ཟབ་བྱས་ནས། དམངས་ཕན་སྲིད་ཇུས་དང་། དུས་ཆེན་གྱི་འདུ་འཛི། ཐོན་འཚོང་འབྲེལ་མཐུད། འཛད་སྤྱོད་དངོས་པོའི་སྤུས་ཚད་མཐོར་འདེགས་བཅས་ཀྱི་ནུས་པ་གཅིག་གྱུར་འཆར་འགོད་བྱས་པ་དང་། བྱ་འགུལ་གྱི་ནང་དུ་སྲིད་ཇུས་དྲིལ་སྒྲོག་དང་ཐོན་རྫས་འགྲེམས་སྟོན། རླངས་འཁོར་བསྐོར་ནས་བྱེད་ནུས་ལ་ཚོད་ལྟ་བྱེད་པ། ཐོན་རྫས་གསར་པར་ཉམས་ལེན་བྱེད་པ་སོགས་སྡེ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ལོ་ལེགས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ཞིང་ཕྱུགས་ལས་ཐོན་རྫས་ལ་རོལ་མྱོང་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྲོལ་འགྲེམས་སྟོན་སོགས་ཀྱང་སྤེལ་ནས། བྱེད་ནུས་གཙོ་བོ་གསུམ་གྱི་འགྲེམས་ཁུལ་དགར་ཡོད་པ་དང་། ཡུལ་དངོས་དང་དྲ་ཐོག་ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་གྲོང་གསེབ་ནས་གྲོང་ཁྱེར་དུ་བྲིན་པའི་ལམ་བུ་བཏོད་དེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས།
མཚོ་ལྷོ་ཁུལ་ཧེང་ཝེ་རླངས་འཁོར་ཕྱིར་འཚོང་ཞབས་ཞུ་ཚད་ཡོད་ཀུང་ཟིའི་ཕྱིར་འཚོང་སྤྱི་གཉེར་བ་དབྱང་ཀུའོ་ཡིས་བཤད་རྒྱུར། ཞིན་ཡོན་ཝུའུ་ལིན་རླངས་འཁོར་གྱི་རིགས་འདི་མཚོ་ལྷོ་ཁུལ་གུང་ཧོ་རུ་ལོ་ངོ་བཅུ་ཙམ་རིང་ཕྱིར་འཚོང་བྱས་ཤིང་། ཐེངས་འདིར་ང་ཚོ་མཚོ་ལྷོ་ཁུལ་གྱི་རྙིང་ཚབ་གསར་བརྗེ་དང་རོང་འབྲོག་ཁུལ་དུ་གློག་སྒུལ་རླངས་འཁོར་སྐོར་སྐྱོད་འགྲེམས་སྟོན་བྱེད་པའི་བྱ་འགུལ་འདིའི་ནང་ཞུགས་ནས། རླངས་འཁོར་ཉོ་སྒྲུབ་ཀྱི་དམངས་ཕན་རོགས་སྐྱོར་སྲིད་ཇུས་དང་ལྗང་མདོག་སྤུས་ལེགས་ཅན་གྱི་གློག་སྒུལ་རླངས་འཁོར་གྱི་རིགས་ཐད་ཀར་སྒོ་འགྲམ་དུ་བསྐྱལ་བ་ཡིན་ལ། ང་ཚོས་མང་ཚོགས་ལ་སྤུས་ལེགས་རླངས་འཁོར་དང་སྤུས་ལེགས་ཞབས་ཞུ་མཁོ་སྤྲོད་བྱས་ཏེ། ཁོ་ཚོར་བློ་བདེ་བག་ཕེབས་ངང་རྙིང་ཚབ་གསར་བརྗེ་དང་འཛད་སྤྱོད་བྱེད་དུ་བཅུག་ནས། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཁེ་ལས་ཀྱིས་སྟོབས་ཤུགས་ཕུལ་བ་ཡིན་ཟེར།
བྱ་འགུལ་གྱིས་སྟོན་དགུན་དུས་ཚིགས་སུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བཟུང་སྟེ། མཚོ་ལྷོ་ཁུལ་གྱི་ཐོན་ཁུངས་ལེགས་པོ་དང་ཐོན་ལས་ཀྱི་གནས་ཚུལ་ལ་གཞི་ཚུགས་ཏེ། རོང་འབྲོག་མང་ཚོགས་ཀྱི་དགོས་མཁོར་གནད་འཁེལ་སྒོས་འབྲེལ་མཐུད་བྱས་ནས། སྟོན་དགུན་དུས་ཀྱི་འཛད་སྤྱོད་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཁེ་ཕན་དེ་དངོས་སུ་གཞི་རིམ་དུ་ཐོན་པར་སྐུལ་འདེད་བྱས་ནས།རྒྱ་ཆེའི་མང་ཚོགས་རྣམས་ལ་འཛད་སྤྱོད་ཀྱི་ཕན་ཁེ་དངོས་ཐོབ་ཏུ་བཅུག་སྟེ། རྫོང་ཁོངས་དང་རོང་འབྲོག་ཁུལ་གྱི་ཚོང་རའི་གསོན་ཤུགས་མུ་མཐུད་དུ་འཕེལ་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནང་མཁོ་རྒྱ་བསྐྱེད་དང་འཕར་སྣོན་གཏན་འཇགས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བ་བཅས་ལ་མཐོ་སྒང་གི་སྒུལ་ཤུགས་བཏོན་པ་རེད།