དོན་གྲུབ་ཀྱིས་ཁྲི་ཀ་རྫོང་དུ་བྱ་བར་རྟོག་ཞིབ་གནང་བ།
ཟླ10པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁྲི་ཀ་རྫོང་དུ་བྱ་བར་རྟོག་ཞིབ་གནང་ཞིང་། ཁོས་ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱ་དགོས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲི་ཀའི་སྐྱེ་ཁམས་དང་ཐོན་ཁུངས་ཀྱི་རང་བྱུང་ཆ་རྐྱེན་གཞིར་འཛིན་པ། དགེ་མཚན་གྱི་བག་ཤུགས་སྔོག་འདོན་བྱེད་པ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། གཏིང་རིམ་གྱི་གནད་དོན་དག་ཐེར་ནན་མོ་བྱེད་པ། བྱ་བ་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་དམ་འཛིན་ནན་མོ་བཅས་བྱས་ཏེ། རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལ་ཟེ་བ་གྲོང་བརྡལ་ལྷ་ཁང་ཐང་སྡེ་བ་དང་རྨ་ནུབ་གྲོང་བརྡལ་འཇའ་མོ་སྐེ་སྡེ་བ་རུ། དོན་གྲུབ་ཀྱིས་དུས་རྒྱུན་དུ་རོགས་སྐྱོར་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་དང་སྡེ་སྟོབས་ཀུང་ཟིའི་འཕེལ་རྒྱས། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་བ་མ་ཟད། དབུལ་ཕོངས་བསྐྱར་ལོག་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་ལ་འཚམས་འདྲི་གནང་ནས། ཁོས་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རོགས་སྐྱོར་བྱ་འོས་པ་ཐམས་ཅད་རོགས་སྐྱོར་ཁྲོད་འཇོག་པ་དང་རོགས་སྐྱོར་བྱ་དགོས་པ་ཐམས་ཅད་ལ་རོགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་དངོས་ཕན་མཐོར་འདེགས་སུ་གཏོང་བ། གཞི་ཁྱོན་རང་བཞིན་གྱི་དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པའི་མཐའ་ཚད་བརྟན་སྲུང་བྱ་དགོས། མ་དངུལ་བསྡུ་སྒྲིལ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དང་སྡེ་སྟོབས་ཀུང་ཟི་མུ་མཐུད་དུ་སྟོབས་ཆེར་གཏོང་བ་དང་། ཞིང་འབྲེལ་ཞིང་སྐྱོར་གྱི་ཚད་གཞི་ཇེ་མཐོར་གཏོང་དགོས། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གནད་དོན་དང་བྱུར་རྐྱེན་གྲལ་བཤེར་དག་ཐེར་བྱས་ཏེ། ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མའེ་ཐེན་སྐྱེ་ཁམས་ལག་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟི་དང་རྒྱལ་ཁབ་ཀྱི་ཤ་མོ་འདེབས་འཛུགས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཁྲི་ཀ་རྫོང་གི་གསོ་སྤེལ་འདེབས་འཛུགས་ཚོད་ལྟའི་རྟེན་གཞི། མཚོ་བོད་ཚོ་བའི་ཀུང་ཟི་བཅས་སུ་དོན་གྲུབ་ཀྱིས་གསོ་སྤེལ་ཐོན་ལས་འཕེལ་རྒྱས་དང་ཕྱུགས་ཟོག་ཕྱིར་འཚོང་དང་གསོ་སྤེལ། ཤ་མོའི་ཚོད་ལྟའི་འདེབས་འཛུགས། དེ་མིན་ཁྱད་ལྡན་ཐོན་རྫས་གསར་སྤེལ་དང་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁོས་ས་གནས་ཀྱི་གནས་བབ་དང་བསྟུན་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས་ཤིང་། འདེབས་འཛུགས་དང་གསོ་སྤེལ་ཟུང་འབྲེལ་གཏིང་ཟབ་བྱེད་པ་དང་། ཐོན་ལས་ཀྱི་སྦྲེལ་ཐག་བསྲིང་བ། ཕན་འབྲས་མཐོ་བའི་གཟན་ཆས་ཀྱི་གསོ་སྤེལ་དཔེ་སྟོན་གཏོད་དགོས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་དང་གྲུབ་འབྲས་གཞན་སྒྱུར་གཏིང་ཟབ་ཏུ་བཏང་ནས། གཟན་རྩྭའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དེ་འདེགས་སྐྱོར་ནུས་ལྡན་དུ་བརྩིས་ཏེ། སྐྱེ་ཁམས་གསོ་སྤེལ་ལས་རིགས་ཀྱི་རྣམ་པ་བསྒྱུར་ནས། ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་མཉམ་སྐུལ་བྱས་ནས་གཉིས་ཕན་ཡོང་བར་བྱ་དགོས། རིམ་མཐོ་དང་ལྗང་མདོག སྐྱེ་ལྡན་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་ནས་ལག་རྩལ་རིམ་སྤོར་དང་ཐོན་སྐྱེད་སྒྲུབ་རིམ་བསྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་བ། གཙོ་གནད་ཁེ་ལས་དང་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ལས་རིགས་ཀྱི་ཚད་གཞི་འཛུགས་པར་ཧུར་ཐག་སྒོས་ཞུགས་པ་དང་སྣེ་ཁྲིད་བཅས་བྱས་ནས། ནས་སོགས་ཐོན་རྫས་རབ་དང་རིམ་པ་རིམ་སྤོར་ཡོང་བར་སྐུལ་འདེད་བྱ་དགོས་ཞེས་ནན་གྱིས་བསྟན།
གྲྭ་ཚང་ཆུ་ཁོལ་དང་བྱང་སྟག་གདོང་སྣ་རུ་དོན་གྲུབ་ཀྱིས་ཆུ་ཁོལ་ཁམས་གསོའི་རྟེན་གཞི་དང་ལྗོངས་ཁུལ་གྱི་འཆར་འགོད་གསར་སྤེལ། རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན། དགུན་དུས་ཡུལ་སྐོར་འཆར་འགོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གནས་ཚུལ་ལ་ཉན་ཏེ། འཆར་འགོད་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ནས་ཁམས་གསོའི་ཐོན་ལས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། མང་ཚོགས་ཟབ་ཞུགས་དང་ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཁམས་གསོ་དང་སྣ་མང་མཉམ་འདྲེས་ཀྱི་རྣམ་པ་གྲུབ་པར་བྱས་ནས། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མིང་དུ་གྲགས་པའི་ཁམས་གསོའི་ཡུལ་སྐོར་དམིགས་ས་བསྐྲུན་དགོས། ཡུལ་སྐོར་གྱི་ལས་རྣམ་མུ་མཐུད་དུ་ཕུན་ཚོགས་སུ་བཏང་སྟེ། ཐོན་ལས་མཉམ་འགུལ་ལ་ཤུགས་བསྣན་ནས། ཡུལ་སྐོར་གྱི་འགུག་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། མཐའ་འཁོར་དང་ཡུལ་གཞན་གྱི་མགྲོན་པོའི་ཐོན་ཁུངས་ཀྱི་གཞི་རྒྱ་བསྐྱེད་དེ་ཡུལ་སྐོར་ཐོན་ལས་ཀྱིས་འབབ་འཕར་ལ་སྐུལ་ཁྲིད་དང་འཕེལ་རྒྱས་ལ་སྒུལ་ནུས་སྩོལ་དགོས་ཞེས་ནན་གྱིས་བསྟན།
རྨ་ནུབ་གྲོང་བརྡལ་སྲིད་གཞུང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྫོང་སྲིད་གཞུང་གིས་བྱ་བའི་སྙན་ཞུ་ཕུལ་བ་དང་། ལས་བགོས་འགན་འཁུར་བློ་མཐུན་དང་རྫོང་ཐད་གཏོགས་སྡེ་ཁག་གིས་ཁ་གསབ་གཏམ་བཤད་སྤེལ། བཀྲ་ཤིས་ཕུན་ཚོགས་དང་ཕན་ལེ་ཡོན། དེ་མིན་འབྲེལ་ཡོད་ཁུལ་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་བྱ་བའི་བླང་བྱ་བཏོན་པ་དང་། དོན་གྲུབ་ཀྱིས་སྤྱི་སྡོམ་གཏམ་བཤད་སྤེལ་བ་རེད། ཁོས་དུས་ནམ་ཡང་ཡང་དག་པའི་སྲིད་འབྲས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཚུལ་ལེགས་བསྒྱུར་བྱས་ནས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ལས་འགན་སོ་སོ་ཞིབ་ཚགས་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་གཅིག་སྡུད་སྒོས་དག་ཐེར་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས། ལྡོག་འདྲེན་གྱི་གནད་དོན་ལེགས་བཅོས་བྱེད་པར་དམ་འཛིན་བྱས་ཏེ། ལས་གཞིའི་སྐུལ་འདེད་དང་འཆར་འགོད་གྲབས་གསོག་གི་བྱ་བ་ལེགས་པོར་བསྒྲུབ་ནས། ཐབས་བརྒྱ་ཇུས་སྟོང་གིས་ཕན་འབྲས་དམའ་བ་དང་བེད་མེད་དུ་ལུས་པའི་ཐོན་ལས་ཀྱི་ལས་གཞིའི་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། བུ་ལོན་སེལ་བ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལ་གཅིག་གྱུར་དམ་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སྲིད་ཇུས་སྣ་ཚོགས་ཀྱི་ཕན་ཁེ་ཕྱོགས་བསྡུས་ངང་བེད་སྤྱོད་བྱས་ནས། གཟན་ཆས་གསོ་སྤེལ་དང་སོན་བཟང་གསོ་སྐྱོང་གི་མ་དཔེ་གསར་བ་མགྱོགས་མྱུང་ངང་བསྐྲུན་ཏེ། ནས་དང་གྲང་ཚལ་སོགས་ཀྱི་སྤུས་རྟགས་ཇེ་ལེགས་ཇེ་བཟང་དུ་གཏོང་བ་དང་། སྨན་བཅོས་དང་ཁམས་གསོ། ཞིབ་འཇུག་དང་ལུས་རྩལ། ཡུལ་སྐོར་སོགས་ཀྱི་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོ་ཆགས་པར་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་མགྱོགས་མྱུར་ངང་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་སྐབས་སུ་དོན་གྲུབ་ཀྱིས་ད་དུང་ལྷ་ཁང་ཐང་དགོན་པར་དགོན་པའི་དོ་དམ་དང་རིག་དངོས་ཉམས་གསོའི་བྱ་བར་རྒྱུས་ལོན་བྱས་པ་དང་། ལོ་དགུའི་ལུགས་ཀྱི་སློབ་གྲྭའི་འཆར་འགོད་དང་ཇུས་འགོད་ཀྱི་གནས་ཚུལ་ལ་ཉན།
ཁུལ་གྱི་མགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་དང་ཕན་ལེ་ཡོན་རྟོག་ཞིབ་ཁྲོད་ཞུགས།