ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་ལྟ་སྦྱོང་བྱེད་སྒོ་རང་ཁུལ་དུ་སྤེལ།
ཟླ10པའི་ཚེས29ཉིན་ནས་ཚེས30ཉིན་བར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་ལྟ་སྦྱོང་བྱེད་སྒོ་རང་ཁུལ་དུ་སྤེལ་བ་དང་། ལྟ་སྦྱོང་ཚོགས་པས་སྔ་རྗེས་སུ་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ བཏུལ་ཐང་འོད་ནུས་གློག་འདོན་ཐོན་ལས་གླིང་། མཚོ་ལྷོ་ཁུལ་གྱི་གནས་བཞིའི་འཛུགས་སྐྲུན་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་སུ་ཕྱིན་ནས། རང་ཁུལ་གྱི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་བྱ་བའི་གྲུབ་འབྲས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། སློབ་གསོའི་ཐད་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་ལས་བྱུང་བའི་འགྱུར་ལྡོག་ཟབ་མོར་ཕྱོགས་ཡོངས་དང་ཟུར་མང་པོའི་ངོས་ནས་རྒྱུས་ལོན་གནང་སྟེ། སློབ་གསོས་ས་གནས་ཀྱི་ཐོན་ལས་ལ་སྟོབས་ཤུགས་སྦྱིན་པ་དང་། ཤེས་ལྡན་མི་སྣས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་མཉམ་འདྲེས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས།
ཟླ10པའི་ཚེས29ཉིན། ལྟ་སྦྱོང་ཚོགས་པས་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དུ་སློབ་གསོའི་ཁ་གཏད་རོགས་སྐྱོར་བྱ་བར་ཐོབ་པའི་གྲུབ་འབྲས་ལ་དངོས་སུ་ལྟ་སྦྱོང་བྱས་ཤིང་། སློབ་རའི་ནང་དུ་ལྟ་སྦྱོང་ཚོགས་པའི་འཐུས་མིས་དགེ་རྒན་གྲགས་ཅན་གྱི་ལས་སྒྲུབ་ཁང་དང་རིག་གཞུང་བགྲོ་གླེང་། སློབ་ཁྲིད་ཞིབ་འཇུག་དཔྱད་བསྡུར་སོགས་ཁྱད་ཆོས་ལྡན་པའི་ལས་སྟེགས་ལ་ཞིབ་ཚགས་སྒོས་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་སུ་དགེ་རྒན་གྱིས་སློབ་མ་ཁྲིད་པ་དང་རིམ་དབྱེའི་མཇུབ་ཁྲིད་སོགས་གནད་འཁེལ་རོགས་སྐྱོར་བྱེད་ཐབས་ལ་རྒྱུས་ལོན་བྱས་ཤིང་། ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཚོགས་པའི་རྒྱུན་མཐུད་རོགས་རམ་འོག མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། 2026ལོའི་མཐོ་རྒྱུགས་ཀྱི་དངོས་གཞི་རིམ་པར་རྒྱུགས་འཕྲོད་ཚད88.48%ལ་སླེབས་པ་དེ2025ལོ་ལས་བརྒྱ་ཆའི་གྲངས་གནས11ཙམ་གྱིས་མཐོ་རུ་ཕྱིན་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་མངོན་གསལ་དུ་གྱུར་ཡོད།
དེ་རྗེས་ལྟ་སྦྱོང་ཚོགས་པ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཕྱིན་ཏེ། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པའི་གྲུབ་འབྲས་ལ་དངོས་སུ་ལྟ་སྦྱོང་བྱས་ཤིང་། འོད་ནུས་དང་རླུང་ནུས་གསབ་རེས་ཀྱིས་གློག་འདོན་པ་དང་། རླངས་འཁོར་ཞིག་གསོ་སོགས་ཀྱི་དངོས་སྦྱོང་སློབ་ཚན་གོ་རིམ་ལྡན་པའི་ངང་སྤེལ་ཏེ། སློབ་མས་ཆེད་ལས་ལག་རྩལ་བྱང་ཆུབ་པའི་ངང་འགྲེམས་སྟོན་གནང་། ཅང་སུའུ་དང་མཚོ་སྔོན་གྱིས་མཉམ་དུ་བསྐྲུན་པའི་ཀྲུང་གོའི་ཟས་རིགས་གཡོས་སྦྱོར་རྟེན་གཞི་རུ་ས་གནས་གཉིས་ཀྱི་དགེ་སློབ་ཀྱིས་ཁྱད་ལྡན་ཚལ་རིགས་གསར་གཏོད་དང་ཞིབ་འཇུག་གནང་སྟེ། ཅང་ནན་གྱི་ཟས་རིགས་གཡོར་སྦྱོར་ལག་རྩལ་དེ་མཚོ་ལྷོའི་བྲོ་བར་འདྲེས་པར་བྱས་པ་ལས་ཅང་སུའུ་དང་མཚོ་སྔོན་མཉམ་ལས་དང་། ཕྱོགས་གཉིས་ནུས་པ་མཉམ་སྤྲོད། ཐོན་ལས་དང་སློབ་གསོ་མཉམ་འདྲེས་བཅས་ཀྱི་འདུ་ཤེས་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བྱས་ཡོད། ཅང་སུའུ་ཡི་ལས་རིགས་ལག་རྩལ་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས། སློབ་གྲྭའི་སློབ་མས་འཛམ་གླིང་ལས་རིགས་སློབ་གྲྭའི་ལག་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའི་རྟགས་མ་མང་པོ་བླངས་པ་དང་། 2026ལོའི་མཐོ་རྒྱུགས་སློབ་མ་བསྡུ་ཚད97.68%ལ་སླེབས་ཤིང་། སློབ་གྲྭ་བཙུགས་པ་ནས་བཟུང་གི་དངོས་གཞིའི་སློབ་མ་བསྡུ་ལེན་གྱི་འགག་སྒྲོལ་ཐོག་མར་མངོན་འགྱུར་བྱུང་ཡོད།
མཚོ་སྔོན་རོགས་སྐྱོར་དགེ་རྒན་གྲགས་ཅན་གྱི་གཞུང་སྒྲུབ་ཁང་དང་དགེ་སློབ་མཉམ་འབྲེལ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། མཚོ་ལྷོ་ཁུལ་གྱི་སློབ་གསོ་དེ་འདས་པའི་སྣ་གཅིག་གི་སློབ་ཁྲིད་བྱེད་ཐབས་ནས་ཚོགས་པའི་སྣེ་ཁྲིད་ཀྱི་གསོ་སྐྱོང་བྱེད་སྟངས་སུ་བསྒྱུར་ཡོད། རོགས་སྐྱོར་གྱི་རམ་འདེགས་ནས་རང་སྟོབས་རང་སྤེལ་གྱི་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། ས་གནས་དགེ་རྒན་དཔུང་ཁག་གི་ནུས་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད།
ཟླ10པའི་ཚེས30ཉིན། ལྟ་སྦྱོང་ཚོགས་པས་བཏུལ་ཐང་འོད་ནུས་གློག་འདོན་ཐོན་ལས་གླིང་དང་མཚོ་ལྷོ་ཁུལ་གྱི་གནས་བཞིའི་འཛུགས་སྐྲུན་གྱི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་རྟོག་ཞིབ་བྱས་པ་རེད། རྟོག་ཞིབ་ཚོགས་པས་རང་ཁུལ་གྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པར་ཟུང་འབྲེལ་བྱས་ཏེ། ལས་རིགས་སློབ་གསོས་ས་གནས་ཀྱི་ཐོན་ལས་འབྲེལ་མཐུད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ནུས་སྩོལ་ས་ཁོངས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་ནུས་པ་འདོན་པའི་བསམ་ཕྱོགས་གསར་པར་བགྲོ་གླེང་བྱས་པ་དང་། མཚོ་སྔོན་གྱི་སློབ་གསོའི་རོགས་སྐྱོར་དེ་རོགས་སྐྱོར་ཁོ་ན་ལས་ཐོན་ལས་དང་སློབ་གསོ་མཉམ་དུ་སྤེལ་ནས་ཁོངས་ཡོངས་ལ་ནུས་པ་འདོན་པའི་རྣམ་པ་གསར་པར་རིམ་སྤར་བྱེད་པར་སྐུལ་འདེད་བཏང་བ་རེད། སློབ་གྲྭའི་སློབ་དཔྱོད་སྤུས་ཚད་ལེགས་སྒྱུར་ནས་ལག་ལེན་སྦྱོང་བརྡར་གྱི་ཕན་འབྲས་མཐོར་འདེགས་བར་དང་། དགེ་རྒན་གྱི་མཉམ་འབྲེལ་རོགས་སྐྱོར་ནས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཀྱི་བར། ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་གྱི་རོགས་སྐྱོར་ལ་མཚོ་ལྷོ་ཁུལ་དུ་གྲུབ་འབྲས་མངོན་ཡོད། རང་ཁུལ་གྱིས་ཅང་སུའུ་དང་མཚོ་སྔོན་གྱི་སློབ་གསོ་མཉམ་ལས་ལམ་སྲོལ་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། སློབ་གསོ་དང་ཤེས་ལྡན་མི་སྣ། ཐོན་ལས་བཅས་ཀྱི་བརྒྱུད་རིམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་བཏང་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་མཁོ་འདོན་བྱེད་པར་འགན་ལེན་བྱ་རྒྱུ་རེད།