རྒྱལ་སྤྱི། 详情

ཨུ་རུ་སུའི་བདེ་འཇགས་སྡེ་ཁག་གིས་ཨ་རིའི་ཕྱོགས་ཀྱི་འཇིགས་སྐུལ་འཇབ་རྒོལ་གྱི་གསང་འཕྲིན་ལ་ཞིབ་བཤེར་བྱས་ཏེ་ནར་མ་སོན་པའི་མི་ཞིག་འཛིན་བཟུང་བྱས།

 ཨུ་རུ་སུའི་སྨྱན་སྦྱོར་ལས་ཁུངས་ཀྱིས་ཟླ11པའི་ཚེས1ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་སྲུང་ཅུས་ཀྱི་སྤྱི་འབྲེལ་ལྟེ་གནས་ཀྱིས་ཉིན་དེར་བརྡ་ཁྱབ་བཏང་དོན། སྡེ་ཁག་དེས་རྒྱལ་ཁབ་ཉེ་སྲུང་དམག་དཔུང་དང་ནང་སྲིད་པུའུ། མྱུལ་ཞིབ་ཨུ་ཡོན་ལྷན་ཁང་བཅས་དང་མཉམ་དུ་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ནས་མོ་སི་ཁོའི་ཁྲ་ལི་ཅིན་ནུའོ་གཞིས་ཀར་འཇིགས་སྐུལ་འཇབ་རྒོལ་འཆར་འགོད་བྱེད་པའི་སྐོར་གྱི་གསང་འཕྲིན་ལ་བརྟག་དཔྱད་བྱས། དེའི་ཁྲོད་དུ་ཨུ་རུ་སུ་སྤྱི་དམངས་ནར་མ་སོན་པ་ཞིག་འཛིན་བཟུང་བྱས།

བརྡ་ཁྱབ་ལས་བཤད་རྒྱུར། འཛིན་བཟུང་བྱས་པའི་མི་སྣ་དེས་བརྙན་ཐུང་སྟེགས་བུ་ནས་རང་ཉིད་ཀྱི་པར་རིས་འགྲེམ་སྤེལ་བྱས་ཤིང་། པར་ངོས་སུ་ཁོས་འཐབ་ཇུས་གྱོན་ཆས་གྱོན་པ་དང་གདོང་ཁེབས་གཡོགས་པ། ཞྭ་མོ་གྱོན་ནས་མིག་ཤེལ་གོན་ལ། རྣ་ཉན་བཏགས་ཤིང་ལག་ཏུ་མེ་མདའ་རང་འགུལ་ཅན་ལྟ་བུ་ཞིག་བཟུང་བ་མཐོང་ཐུབ། ད་དུང་ཁོས་ཁྲ་ལི་ཅིན་ནུའོ་གཞིས་ཀ་ནས་བླངས་པའི་པར་རིས་ཀྱང་བཀོད་ཡོད་པ་མ་ཟད་ཡི་གེ་ལའང"ངས་ས་ཆ་ཞིག་རྙེད་བྱུང"ཞེས་བྲིས་འདུག

བརྡ་ཁྱབ་ལས་ད་དུང་བཤད་པ་ལྟར་ན། ཁྲིམས་འཛིན་མི་སྣས་འཛིན་བཟུང་བྱ་ཡུལ་སྡོད་གནས་སུ་གོང་གསལ་གྱི་གོས་རྒྱན་དེ་དག་རྙེད་པ་དང་། དེའི་འཕྲིན་གཏོང་ཡོ་བྱད་ཁྲོད་འཇིགས་སྐུལ་ནང་དོན་ཁྱབ་བསྒྲགས་བྱས་པའི་བརྙན་ཐུང་སྟེགས་བུའི་རྩིས་ཐོ་དང་། དུས་ཐོག་འཕྲིན་གཏོང་མཉེན་ཆས་སྟེང་གསར་དར་ནཱ་ཚུའེ་ལེ་ཚན་མངག་ཉོ་བྱས་པ། དེ་བཞིན་འཇིགས་སྐུལ་འཇབ་རྒོལ་དང་གཞི་ཁྱོན་ཆེ་བའི་དམར་གསོད། དྲག་ཤུགས་ཀྱི་བྱ་སྤྱོད་གཞན་དག་བཅས་འཚོལ་ཞིབ་ཟིན་ཐོ་འབོར་ཆེན་རྙེད།

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་སྲུང་ཅུས་ཀྱི་སྤྱི་འབྲེལ་ལྟེ་གནས་ཀྱིས་ཕྱོགས་གཉིས་ཀས་འབྲེལ་ཡོད་ཆ་འཕྲིན་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཚུལ་བསྟན།

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་སྲུང་ཅུས་ཀྱིས་ཟླ10པའི་ཚེས31ཉིན་ཨ་རིས་མོ་སི་ཁོར་འཇིགས་སྐུལ་འཇབ་རྒོལ་འབྱུང་ཉེན་ཡོད་པའི་གསང་འཕྲིན་ཐོབ་པ་དང་། དུས་མཚུངས་སུ་ཨུ་རུ་སུར་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་གིས་སྤྱི་ཚོགས་དྲ་ལམ་ཐོག་བདེ་འཇགས་དྲན་སྐུལ་གསལ་བསྒྲགས་ཤིག་སྤེལ་ཏེ། མོ་སི་ཁོ་ཡི་ཁྲ་ལི་ཅིན་ནུའོ་གཞིས་ཀར་ཚེས31ཉིན་དོན་རྐྱེན་ཚབས་ཆེན་བཟོ་སྲིད་པ་དང་ཤི་རྨས་ཆེན་པོ་ཡོང་སྲིད་པའི་ཉེན་ཁ་འདུག་ཅེས་བརྗོད་པ་དང་། ས་ཁུལ་དེ་དང་ཐག་རིང་ཙམ་བྱེད་དགོས་པ་དང་མི་ཚོགས་འདུ་འཛོམས་བྱེད་སར་འགྲོ་མི་རུང་བའི་བསླབ་བྱ་བཏོན།


热门新闻

热门图库

热门排行