མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་དུ་ཁུལ་ཡོངས་ཀྱི་པགས་འོག་བརྒྱུད་ནས་སྙིང་གི་བུ་གར་ཁ་གསབ་བྱེད་པའི་གཤགས་བཅོས་ཐོག་མ་ལེགས་འགྲུབ་བྱུང་།
ཟླ10པའི་ཚེས28ཉིན། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་སྨན་པའི་ཚོགས་པས་པགས་འོག་སྙིང་ཁོང་བར་གྱི་བུ་གར་ཁ་གསབ་བྱེད་པའི་གཤགས་བཅོས་ཤིག་བདེ་བླག་ངང་སྤེལ་ཏེ། ལོ་ན17ལ་སོན་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་ནད་པ་ཞིག་གི་སྙིང་གི་བུ་གར་བདེ་བླག་ངང་ཁ་གསབ་བྱས་ཤིང་། གཤགས་བཅོས་ཆུང་གྲས་འདི་ལག་བསྟར་བྱས་པ་ལས་མཐོ་སྒང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པས་རང་གི་སྒོ་འགྲམ་དུ་གནད་ལ་འཁེལ་བའི་སྨན་བཅོས་བྱེད་ཐུབ་པ་བྱུང་།
ཉེ་ཆར་ཞིན་ཧེ་རྫོང་གི་མཐོ་རིམ་སློབ་འབྲིང་གི་སློབ་མ་ལོ17ཅན་ཞིག་སློབ་གྲྭའི་ནང་དུ་གློ་བུར་དུ་བརྒྱལ་སོང་བ་དང་།མྱུར་བར་བརྟག་དཔྱད་བྱས་པ་བརྒྱུད་ལྷན་སྐྱེས་སྙིང་ནད་ཕོག་ཡོད་པ་གཏན་འཁེལ་བྱུང་བས། ནད་གཞི་གློ་བར་དུ་བྱུང་ཞིང་གཤགས་བཅོས་མྱུར་མོར་བྱེད་དགོས་ཀྱི་འདུག གློ་བུར་དུ་བྱུང་བའི་ནད་གཞི་འདིར་ཕྱོགས་མང་པོའི་དོ་ཁུར་ཐོབ་ཅིང་། རི་ཆུ་སྟོང་ཕྲག་བརྒལ་བའི་རོགས་སྐྱོར་སྨན་བཅོས་ཤིག་མགྱོགས་མྱུར་ངང་སྤེལ་མགོ་ཚུགས་པ་རེད།
ནད་པའི་ཨ་ཅེ་དཔལ་མོ་ཚེ་རིང་གིས་བཤད་རྒྱུར། ང་ཚོ་ནི་ཞིན་ཧེ་རྫོང་གི་མི་ཡིན། ཁེ་ཉིན་དགོང་མོར་མོའི་འཛིན་བདག་གིས་གློ་བུར་དུ་ང་ལ་བཤད་རྒྱུར། ངའི་ནུ་མོ་སློབ་གྲྭར་གློ་བུར་དུ་བརྒྱལ་སོང་ཟེར། དེ་རྗེས་ང་རྫོང་སྨན་ཁང་དུ་སོང་ནསCTབརྟག་དཔྱད་སོགས་བྱས་པ་ཡིན། སྙིང་ལ་གནད་དོན་ཡོད་པ་རེད་ཟེར། དེ་ནས་ཉིན་གཉིས་ཀྱི་སྔོན་ལ་ང་ཚོ་ཁུལ་སྨན་ཁང་དུ་འབྱོར་བ་ཡིན་ཟེར།
ནད་པར་སྨན་བཅོས་ཡག་པོ་བྱེད་པའི་གོ་སྐབས་དམ་འཛིན་དང་ལམ་ཐག་རིང་པོར་སྨན་བཅོས་བྱེད་པར་འགྲོ་བའི་ཉེན་ཁར་གཡོལ་ཆེད། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་དུས་ཐོག་ཏུ་ཅང་སུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་སྨན་པའི་ཚོགས་པ་དང་འབྲེལ་གཏུག་བྱས།
ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་སྙིང་ཁམས་ཁོང་ནད་ཚན་ཁག་གི་སྲིད་འཛིན་ཀྲུའུ་རེན་གཞོན་པ་སུན་ཝེ་ཡིས་བཤད་རྒྱུར། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་སྨན་པ་ཁྲེན་ཀྲེང་ཀོང་གི་བརྡ་ཐོ་འབྱོར་བ་ལྟར། ལོ་བཅུ་བདུན་ལ་སླེབས་པའི་མཐོ་འབྲིང་སློབ་མ་བུ་མོ་ཞིག་ལ་སྙིང་ཁོང་ལ་བུ་ག་ཡོད་པར་བརྟག་དཔྱད་བྱུང་སྟེ། མྱུར་སྐྱོབ་གཤགས་བཅོས་ཤིག་བྱེད་དགོས་འདུག ང་ཚོ་ནན་ཅིང་ནས་གནམ་གྲུར་བསྡད་དེ་ཟི་ལིང་དུ་འབྱོར་ཞིང་། དེ་རྗེས་ཕྱི་དྲོར་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་དུ་མྱུར་བར་སླེབས་ནས་། ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡས་མས་སུ། ཀྲུའུ་རེན་ཀྲང་ཧའོ། སྨན་པ་ཁྲེན་ཀྲེང་ཀོང་བཅས་ང་ཚོ་མི་གསུམ་པོས་མཉམ་དུ་གཤགས་བཅོས་བྱེད་མགོ་བརྩམས་ཏེ། ཆུ་ཚོད་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ། ལུས་པའི་ཆ་ཤས་ལ་སྦྲིད་སྨན་བརྒྱབ་ནས། ལོ་བཅུ་བདུན་ལ་སླེབས་པའི་མཐོ་འབྲིང་སློབ་མ་འདིར་ལྷན་སྐྱེས་སྙིང་གི་བུ་གར་སྦུ་གུ་བརྒྱུད་པའི་གཤགས་བཅོས་ཤིག་ལེགས་འགྲུབ་བྱུང་ཡོད་ཟེར།
ནད་པའི་ནད་གཞི་རྙོག་འཛིང་ཆེ་བ་དང་གཤགས་བཅོས་ཀྱི་དཀའ་གནད་ཆེ་བའི་གནས་ཚུལ་དངོས་ལ་གཞིགས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཅང་སུའུ་ཡི་ཆེད་མཁས་པས་མིག་སྔར་རྒྱལ་ནང་གི་སྔོན་ཐོན་གྱི་རྨ་ཁ་ཆུང་བའི་གཤགས་བཅོས་ལག་རྩལ་སྤྱད་དེ། ཚད་གཞི་མཐོ་བའི་སྙིང་གི་རིམ་པ་བཞི་བའི་གཤགས་བཅོས་བདེ་བླག་ངང་ལེགས་འགྲུབ་བྱུང་བས། སྲོལ་རྒྱུན་གྱི་བྲང་ཁོག་གཤགས་བཅོས་ཀྱི་རྨ་ཁ་ཆེ་བ་དང་དྲག་སྐྱེད་ནུས་པ་ཞན་པའི་དཀའ་ངལ་སེལ་བ་རེད།
ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཁོང་ནད་ཚན་ཁག་གི་སྲིད་འཛིན་ཀྲུའུ་རེན་གཞོན་པ་སུན་ཝེ་ཡིས་བཤད་རྒྱུར། གཤགས་བཅོས་འདི་ནི་རྐང་པའི་འཕར་རྩ་དང་སྡོད་རྩ་བརྒྱུད་ནས་མིས་བཟོས་འགོག་ཆས་ཤིག་སྙིང་ཁོང་བར་བཅུག་པ་ཡིན་ལ།འགོག་ཆས་དེས་ཁོའི་ལྷན་སྐྱེས་ཀྱི་སྙིང་ཁོང་བུ་ག་ཆད་པའི་ནད་དྲག་སྐྱེད་བྱུང་ཐུབ་ལ། གཤགས་བཅོས་ཀྱི་ཕན་འབྲས་ཀྱང་ཧ་ཅང་ལེགས། ལས་གཞི་འདི་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐལ་བཟང་མེ་ཏོག་ལས་གཞིའི་རྒྱབ་སྐྱོར་འོག རང་ས་གནས་ཀྱི་བོད་རིགས་སྤུན་ཟླ་དང་དེ་མིན་ལོ་ཆུང་གཞོན་ནུ་དང་དར་མ་བཅས་ལ་ནད་འདིའི་རིགས་བརྟག་དཔྱད་བྱེད་པར་རོགས་རམ་ཆེན་པོ་ཐོན་ཐུབ། མཐོ་འབྲིང་སློབ་མ་འདི་ལ་ལས་གཞིའི་རྒྱབ་སྐྱོར་འོག་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་སོང་ཟེར།
མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཛའ་འབྲེལ་ལམ་དུ། སྨན་པའི་ཁུར་སེམས་ཀྱིས་དམངས་ཚིས་སྲུང་། ཞིང་ཆེན་བརྒལ་ནས་སྨན་བཅོས་བྱེད་པ་ནས་རང་ས་གནས་སུ་སྨན་བཅོས་བྱེད་པའི་བར། སྔོན་ཐོན་ལག་རྩལ་མཐོ་སྒང་དུ་རྐང་ཚུགས་ཤིང་སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་ཐོན་པ་ལས། ཁ་གཏད་རོགས་སྐྱོར་གྱི་ཕན་ཁེ་དེ་མཐོ་སྒང་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་སྲུང་བའི་ཕན་འབྲས་སུ་བསྒྱུར་བས། བདེ་ཐང་མཚོ་ལྷོ་བསྐྲུན་པར་སྟོབས་ཤུགས་ཆེན་པོ་བསྩལ་ཡོད་པ་རེད།