གནད་བསྡུས། 详情

དོན་གྲུབ་ཀྱིས་ཞིན་ཧེ་རྫོང་དུ་བྱ་བར་རྟོག་ཞིབ་གནང་བ།

ཟླ10པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཞིན་ཧེ་རྫོང་དུ་ཞིང་ཕྱུགས་ལས་འཕེལ་རྒྱས་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར། ལས་གཞི་གལ་ཆེན་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། དམངས་ཚིས་འགན་ལེན་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་བ་རེད། དོན་གྲུབ་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སེམས་ནུས་གང་ཡོད་ཀྱིས་དམ་འཛིན་བྱེད་པ། ལས་འགན་གལ་ཆེན་ལ་དམ་འཛིན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས་ཞེས་བསྟན།

དཔལ་ཁ་གྲོང་བརྡལ་ཆོས་རྗེ་སྡེ་བ་དང་རྩི་གོར་ཐང་གྲོང་བརྡལ་མཚོ་འཁྱིལ་སྡེ་བ། ཐང་ནག་ཤང་ཞིང་ཕྱུགས་ཉོ་ཚོང་ཁྲོམ་ར་བཅས་སུ་རྟོག་ཞིབ་གནང་ནས་སྡེ་བའི་མཉམ་ལས་དཔལ་འབྱོར་དང་། སྡེ་བ་སྟོབས་ཆེར་གཏོང་བའི་ཀུང་ཟིའི་འཚོང་གཉེར་དང་ནོར་ལུག་ཕྱིར་འཚོང་དང་ཁ་གསབ། གནོད་འགོག་ཕྱུགས་རིགས་ཀྱི་གཟན་རྩྭ་གྲབས་གསོག  རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཁང་པ་བསྐྱར་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། དབུལ་སྒྲོལ་ཁྱིམ་ཚང་དང་ལྟ་ཞིབ་ཁྱིམ་ཚང་། བསྐྱར་སྐྲུན་ཁྱིམ་ཚང་བཅས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་སྐབས་བསྟུན་ལྟ་ཞིབ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམངས་ཕན་སྲིད་ཇུས་ཐད་ཀར་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྡེ་བའི་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་དང་ཞིང་ལས་མཉམ་ལས་ཀྱི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཏེ། ལུ་གུ་ཕྱིར་འཚོང་ཚོད་ལྟ་བྱེད་གནས་ཀྱི་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། འོད་ནུས་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ནས།   ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ས་ཡོམ་གྱིས་གནོད་འཚེ་ཕོག་པའི་ཁང་པ་བསྐྱར་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་དམ་སྲུང་བཅས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་བརྒལ་ཐུབ་པར་བྱ་དགོས། ཁྲོམ་ར་ཕྱོགས་སྟོན་དུ་བྱས་ནས་ཉོ་འཚོང་གི་བར་ཁེ་བ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཕན་འབྲས་ཆུང་བའི་བེད་མེད་ཐོན་ལས་ལས་གཞི་གང་ལེགས་གཉེར་བ། སྟབས་བདེའི་སྟེགས་བུ་བཏོད་དེ་མང་ཚོགས་ཀྱིས་བཤས་གཏོང་ཁ་གསབ་ལེན་པར་སྟབས་བདེ་བསྐྲུན་པ། ཁ་གསབ་ལེན་པའི་བྱ་བ་ལེགས་པོ་སྒྲུབ་པར་ཁྲིད་སྟོན་བྱས་ཏེ་མང་ཚོགས་ལ་ཏན་ཏིག་གི་ཕན་འབྲས་ཐོབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧེ་རྫོང་མི་དམངས་སྨན་ཁང་དུ། དོན་གྲུབ་ཀྱིས་སྨན་བཅོས་འཕྲོད་བསྟེན་རྨང་བརྟན་བཟོ་གྲྭའི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་ཞིབ་གནང་ཞིང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་བར་རྒྱུས་ལོན་བྱས་པ་རེད། ཁོས་མི་གཤིས་ཅན་དང་སྟབས་བདེ་ཅན། ལས་ཆོད་ཅན་བཅས་གཙོར་བཟུང་སྟེ། བྱེད་ནུས་ཁུལ་དང་གཙོ་གནད་ཆེད་ལས་ཚན་ཁག་གི་འཆར་འགོད་ལ་གཅིག་གྱུར་བཀོད་འདོམས་དང་། འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། སྔ་མོ་བཀོལ་སྤྱོད་སྒོས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། ནད་ལ་བལྟ་ཐུབ་པ་ནས་སྨན་བཅོས་ལེགས་པོ་བྱེད་ཐུབ་པའི་བར། རྒྱུན་མཐོང་གི་ནད་དང་མཐོ་སྒང་གི་ནད་བརྟག་སྨན་བཅོས། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་སྐོར་སྐྱོད་སྨན་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱིས་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭར། དོན་གྲུབ་ཀྱིས་དུས་རྒྱུན་འཁོར་སྐྱོད་དང་གཞི་གྲངས་ལྟ་ཞིབ་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་མཛུབ་སྟོན་གྱི་གནད་དོན་དག་ཐེར་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཏེ། ཁོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་དུས་ནམ་ཡང་ཚེ་སྲོག་གི་རྒྱུན་ཐག་ཏུ་བརྩིས་ཏེ། ལས་གཞིར་བརྟེན་ནས་བཙོག་ཆུ་གཙང་སེལ་གྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་ལ་འདེགས་སྐྱོར་བྱེད་པ་དང་། འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལྟ་ཞིབ་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་མུ་མཐུད་ཇེ་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཧང་གཞུང་གི་ནགས་སྲུང་ས་ཚིགས་སུ། དོན་གྲུབ་ཀྱིས་འཕྲལ་བསྟུན་ལས་རེས་དང་དངོས་ཟོག་གྲབས་གསོག་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། ཁོས་འབྱུང་རྩ་ནས་དོ་དམ་སྔོན་འགོག་བྱེད་པ། འཕྲལ་བསྟུན་དཔུང་སྡེ་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་པ་དང་འཕྲལ་བསྟུན་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། འཕྲལ་བསྟུན་ནང་སྦྱོང་རྒྱུན་ལྡན་ཅན་དུ་སྤེལ་ཏེ། ས་མཐའ་དང་གཙོ་གནད་ཁུལ་གྱི་འགོག་སྲུང་ལ་གཅིག་གྱུར་འཆར་འགོད་བྱེད་པ། འཕྲལ་བསྟུན་གྱི་ཐག་གཅོད་ཆུ་ཚད་མཐོ་རུ་གཏོང་བ། དགུན་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ནན་གྱིས་བསྒྲུབ་སྟེ། མེ་སྐྱོན་ཚབས་ཆེན་མི་འབྱུང་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་དང་ཕན་ལེ་ཡོན་གཉིས་རྟོག་ཞིབ་ལ་ཞུགས།

热门新闻

热门图库

热门排行