གནས་ཚུལ། 详情

ཁྲི་ཀ་རྫོང་གིས་ས་རྒོད་དེ་གཤིན་སར་བསྒྱུར་ནས་མང་ཚོགས་ཀྱི་འབབ་འཕར་ལ་རམ་འདེགས་བྱས།

བསྟུད་མར་ཉིན་འགའི་རིང་ལ། ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་རྡོ་རམས་ཚང་སྡེ་བའི་ལ་སེར་འདེབས་འཛུགས་རྟེན་གཞིར་ལོ་ལེགས་བྱུང་སྟེ། ཞིང་ཁར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། སྡེ་མི་རྣམས་ཀྱིས་གནམ་གཤིས་ལེགས་པོའི་གོ་སྐབས་དམ་འཛིན་བྱས་ཏེ།གོ་རིམ་ལྡན་པའི་ངང་ནས་ལ་སེར་འཐུ་བ་དང་རིགས་དགར་བ།ཐུམ་རྒྱག་པ་བཅས་ཀྱི་བྱ་བ་སྤེལ་བཞིན་ཡོད་པ་དང་། སྤུས་ལེགས་ལ་སེར་རེ་རེ་ཚོང་རར་བཀྲམས་པ་ལས་འབྲས་ལྡན་སྟོན་དུས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད།

       ད་ལོའི་ཚུན་ལ་རྡོ་རམས་ཚང་སྡེ་བས་བེད་མེད་དུ་བསྐྱུར་བའི་ས་ཞིང་དང་ཆུད་ཟོས་སུ་བཏང་བའི་ཐོན་ཁུངས་སོགས་ཀྱི་གནད་དོན་ལ་གཞིགས་ནས།སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྣེ་ཁྲིད་དེ་ས་རྒོད་མུའུ200ལེགས་སྒྲིག་བྱས་ནས།སྤུས་ལེགས་ཞིང་ས་མུའུ30ལ་གཅིག་བསྡུས་སྒོས་ལ་སེར་བཏབ་ཅིང་། ཉི་འོད་ཀྱིས་འདང་བ་དང་ཉིན་མཚན་གྱི་བར་ཁྱད་ཆེ་བའི་མཐོ་སྒང་གི་གནམ་གཤིས་ལ་བརྟེན་ནས།ལྗང་མདོག་སྐྱེ་ཁམས་འདེབས་འཛུགས་ཚད་གཞི་དང་ཞིང་སའི་དོ་དམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ།ལ་སེར་གྱི་སྤུས་ཀ་བཟང་ཞིང་ལྷད་མེད་པར་འགན་ལེན་བྱས།

  །ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་རྡོ་རམས་ཚང་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཁག་གི་ཁོངས་མི་ཅིན་ཡུའུ་ཧའེ་ཡིས་བཤད་རྒྱུར།ད་ལོར་ང་ཚོའི་སྡེ་བས་བཏབ་པའི་ལ་སེར་ལ་ལོ་ལེགས་ཆེན་པོ་བྱུང་བ་དང་།གཅིག་བསྡུས་ཀྱིས་དོ་དམ་དང་ཚད་གཞི་ཅན་གྱི་འདེབས་འཛུགས་བརྒྱུད་ནས།ལ་སེར་གྱི་སྤུས་ཀ་བཟང་ལ་སྡེ་མིའི་འབབ་འཕར་ལ་སྐུལ་ཁྲིད་བྱས་པས།སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་སྟོབས་ཆེར་སོང་ཡོད་ཟེར།

      ད་ལོར་རྡོ་རམས་ཚང་སྡེ་བའི་ས་མུའུ་རེ་ནས་ལ་སེར་རྒྱ་མ5000ལྷག་ཐོན་སྐྱེད་བྱུང་བས།ཐོན་སྐྱེད་འཕེལ་རྒྱས་ཚན་ཁག་གིས་ཡུལ་དངོས་དང་དྲ་ཐོག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཕྱིར་འཚོང་བྱས་པ་དང་།སྤུས་ལེགས་ཞིང་ལས་ཐོན་རྫས་ལས་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ལམ་བུ་རྒྱ་བསྐྱེད་དེ།གྲོང་གསེབ་ཀྱི་བེད་མེད་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པ་རེད།

     ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་མི་དམངས་སྲིད་གཞུང་གི་མགོ་གཙོ་ཕན་ཝེ་ཡིས་བཤད་རྒྱུར།སྡེ་བའི་ཏང་ཀྲི་པུའུ་ཡིས་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ།སྔོན་ཆད་ཀྱི་ས་ཞིང་འགན་གཙང་ལེན་བྱེད་པའི་རྣམ་པ་བསྒྱུར་ནས།ཏང་ཡོན་གྱིས་སྣེ་ཁྲིད་དེ་ཞིང་སའི་དོ་དམ་དང་ལོ་ཏོག་བསྡུ་བའི་ནང་དུ་མང་ཚོགས་ཞུགས་པར་སྐུལ་ཁྲིད་བྱས་པ་དང་།བེད་མེད་དུ་བསྐྱུར་བའི་ཞིང་སའི་ཐོན་ཁུངས་བེད་སྤྱོད་བྱས་པ་ལས་མང་ཚོགས་ཀྱིས་ཉེ་སར་ལས་ཞུགས་ཐུབ་ཡོད་ཟེར།

   ལ་སེར་འདེབས་འཛུགས་ལ་ལོ་ལེགས་བྱུང་བ་ལས་བེད་མེད་དུ་བསྐྱུར་བའི་ཞིང་སའི་གནད་དོན་ཐག་བཅད་པ་མ་ཟད།སྡེ་བའི་ཞིང་སའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ།ས་རྒོད་སླར་གསོ་དང་ཐོན་ལས་སྤུས་མཐོ།གཅིག་བསྡུས་འབབ་འཕར་བཅས་ཀྱི་གྲུབ་འབྲས་བཟང་པོ་བླངས་ཡོད་པ་རེད།


热门新闻

热门图库

热门排行