སྲིད་དོན། 详情

ཁུལ་སྲིད་གཞུང་གིས་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་བསྡུས་པ།

     རང་ཚགས་པར་གྱི་འཕྲིན། ཟླ10པའི་ཚེས27ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཡིག་ཆ་གལ་ཆེན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཤིང་། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས་པ་རེད།

       ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུའི་དགོངས་དོན། ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་བླངས་ནས་ལོ་འཁོར90ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཟླ9པའི་ཚེས21ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པ་དང་། རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

     ཚོགས་འདུ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་བཅས་ལ་གཅིག་གྱུར་སྲུང་སྐྱོང་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་བྱང་གསུམ་ནགས་སྲུང་འཛུགས་སྐྲུན། རྨ་ཆུའི་བཞུར་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གཞི་གཙོ་བོར་དམ་འཛིན་བྱས་ཏེ། ནུས་ཁུངས་གཙང་མ་དང་ལྗང་མདོག་གློག་རྩིས། སྐྱེ་ཁམས་རིག་གནས་ཡུལ་སྐོར། སྐྱེ་ལྡན་ཞིང་ཕྱུགས་ལས་བཅས་ཀྱི་ཐོན་ལས་འབྲེལ་ཐག་གཏིང་ཟབ་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། ས་གནས་དང་སྡེ་ཁག ཁེ་ལས་བཅས་ཀྱི་འགན་འཁྲི་གཟབ་ནན་དུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་བྱུར་རྐྱེན་གྲལ་བཤེར་དང་བཅོས་སྐྱོང་རྒྱུན་དུ་སྤེལ་ཏེ། བདེ་འཇགས་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་དགོས།  རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བ་དང་། ལྷག་བསམ་རྣམ་དག་གི་བསམ་བློ་མཐའ་འཁྱོངས་བྱེད་པ། དཀའ་ངལ་ཁྱད་བསད་དང་དམངས་དོན་བསྒྲུབ་པ། ཏང་ནན་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་བཞི་མུ་མཐུད་དུ་ཡོ་བསྲང་བྱེད་པ། ཁྱབ་ཁོངས་གཙོ་བོའི་སྤྱོད་གཙང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙོ་གནད་མངའ་ཁོངས་ཀྱི་སྲིད་གཙང་ཉེན་ཁའི་སྔོན་འགོག་ལ་ཤུགས་བསྣན་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། ཆད་ལྷག་གསབ་སྣོན་དང་གཞི་རིམ་ལ་ཤུགས་སྣོན་སྒོས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་དོ་སྙོམས་རང་བཞིན་དང་བེད་སྤྱོད་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

        ཚོགས་འདུ་ལས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འབྲེལ་ཡོད་འཆར་འགོད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ། ཞིང་སྡེ་རུ་རྨོ་ཞིང་དུ་གང་འདོད་དུ་སྡོད་ཁང་བསྐྲུན་པའི་རིགས་ཀྱི་ཆེད་དོན་བཅོས་སྐྱོང་གི་ཚོད་ལྟའི་ས་ཚིགས་ལ་སྐུལ་འདེད་གཏོང་ཚུལ་བཅས་ཀྱི་སྙན་ཞུར་ཉན་པ་དང་། ཁུལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་རྩ་གནད་དང་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་སྤྱི་ཡོངས་འཆར་འགོད་དང་གནད་ལ་འཁེལ་བའི་སྒོ་ནས་གཞི་མཐུན་ཡོང་བ་བྱས་ཏེ། ལོ་འཁོར་གྱི་ལས་འགན་ཞིབ་ཚགས་སུ་གཏོང་བ་དང་ལས་གཞི་དོན་འཁྱོལ་བྱེད་པ། རྫོང་དང་ཤང་དུ་ཁག་བགོས་དོན་འཁྱོལ་བྱེད་པ། དམིགས་ཚད་གཙོ་བོར་སླེབས་ཐུབ་པའི་རང་བཞིན་ལ་ཞིབ་དཔྱད་བྱེད་པ། ལས་གཞི་གལ་ཆེན་གྱི་ཆ་རྐྱེན་འགན་སྲུང་བཅས་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་འདྲེན་གནད་དོན་དག་ཐེར་ལེགས་བཅོས་ཀྱི་འགན་འཁྲིར་དམ་སྲུང་བྱས་ཏེ། རྩིས་ཐོ་ཅན་གྱི་དོ་དམ་དང་གདུབ་ཟུམ་ཅན་གྱི་སྒོ་ནས་གནད་དོན་ཐག་གཅོད་བྱས་ནས།  ཟུར་བསྟན་ལེབ་མཐོང་དང་རྩ་ལག་མཉམ་བཅོས་བྱ་དགོས། ཞིང་ས་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ། ཞིང་སའི་སྤྱོད་སྒོར་དོ་དམ་ཚོད་འཛིན་བྱེད་པ་དང་། ཞིང་མིན་ཅན་དུ་འགྱུར་བ་བཀག་འགོག་དང་འབྲུ་མིན་ཅན་དུ་འགྱུར་བ་སྔོན་འགོག་བྱེད་པ། ལྷག་མའི་གནད་དོན་ལ་རིགས་དབྱེ་ནས་ཐག་གཅོད་བྱ་རྒྱུ་དང་། གནད་དོན་གསར་པ་འབྱུང་བར་བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་བྱ་དགོས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱ་དགོས་ཏེ། བྱ་དགའི་ཁ་གསབ་བྱ་ཡུལ་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས་ནས་ཁེ་ཕན་ཐོབ་མཁན་གྱི་ཁྱིམ་ཚང་ལ་མ་དངུལ་ཐད་ཀར་འབྱོར་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན། 

    ཚོགས་འདུ་ལས་མཚོ་ལྷོ་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་སོགས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འབྲེལ་ཡོད་འཆར་འགོད་དང་འགུལ་སྐྱོད་ཇུས་གཞི། མཚོ་ལྷོ་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་དགའི་ཁ་གསབ་སྲིད་ཇུས་ལག་བསྟར་ཇུས་གཞི་ཁག་བཞི་པ(2026—2030ལོའི)དང་། ཀོས་ནན་རྫོང་དང་ཐུན་ཏེ་རྫོང་། ཞིན་ཧེ་རྫོངབཅས་ཤང་གྲོང་ཁག་ཅིག་གི་རྒྱལ་ཁོངས་ཀྱི་སྤྱིའི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

མཚོ་ལྷོ་ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ཚོགས་འདུ་བསྡུས།

      ཟླ10པའི་ཚེས27ཉིན།ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ཚོགས་འདུ་བསྡུས་ཏེ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་།དུས་ཚིགས་སྔོན་མ་གསུམ་གྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་ལས་གཞིའི་དངུལ་གཏོང་གནས་ཚུལ་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་མ་ཟད།གནད་དོན་དང་ཆད་ལྷག་ལ་དབྱེ་ཞིབ་ནན་མོ་བྱས་ནས།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལོ་ཧྲིལ་བོའི་དམིགས་འབེན་ལ་གཞིགས་ཏེ་ལས་ཡུན་བཀོད་སྒྲིག་དང་འཆར་འགོད་དཔེ་རིས་ལྟར་ལས་གཞི་ལག་བསྟར་བྱས་ནས།ཆད་ལྷག་གསབ་སྣོན་དང་རྨང་གཞི་ཇེ་བརྟན་སྒོས་ལས་གཞིའི་མཇུག་བསྡུ་བར་ནུས་པ་འདོན་པ་དང་བྱ་བ་མགོ་རྩོམ་པར་འཆར་འགོད་གང་ལེགས་བྱ་དགོས་པའི་སྐུལ་སློང་བྱས།

    ཚོགས་འདུ་ལས་ད་ལོའི་ཚུན་ལ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་གཏན་འཇགས་ཡིན་མོད། འོན་ཀྱང་སྔོན་དཔག་དམིགས་འབེན་ལ་སླེབས་ཐུབ་ཀྱི་མེད་པ་དང་ལས་གཞི་ཁ་ཤས་ལས་མགོ་བརྩམས་མེད་པ། འཕེལ་རིམ་དལ་བ།མ་དངུལ་འགྲོ་སོང་གི་འཕེལ་རིམ་དོ་མི་མཉམ་པས།ལོ་ཧྲིལ་བོའི་དམིགས་འབེན་ལེགས་འགྲུབ་འབྱུང་བར་གནོན་ཤུགས་ཆེན་པོ་ཐེབས་ཡོད།དུས་ཚིགས་བཞི་བ་ནི་ལས་གཞི་མཇུག་བསྡུ་བའི་གནད་འགག་གི་དུས་སྐབས་དང་ལོ་ཕྱི་མའི་བྱ་བ་འཆར་འགོད་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཀྱང་ཡིན་པས།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བཟོ་ལས་འཕར་སྣོན་གྱི་གཞི་རྩ་བརྟན་པོར་བཏང་ནས།དངུལ་གཏོང་སླར་གསོ་ལེགས་པོ་བྱེད་པ་དང་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ།ལོ་མཇུག་གི་གཙོ་གནད་བྱ་བ་སོ་སོ་འཆར་འགོད་དམ་འཛིན་བྱས་ནས།བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་ལེན་པར་སྐུལ་འདེད་བྱ་དགོས་ཞེས་བསྟན།

   ཚོགས་འདུ་ལས་གསར་དུ་ལས་མགོ་བཙུགས་པའི་ལས་གཞི་དང་། མུ་མཐུད་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི། མཇུག་བསྡུའི་ལས་གཞི་བཅས་ལ་རེ་རེ་བཞིན་ཞིབ་བཤེར་ཐོ་འགོད་བྱེད་དགོས་པ་དང་། རྗེས་ལུས་ཐེབས་པའི་ལས་གཞི་དང་། འགག་རྩའི་གནད་དོན། འགན་འཁུར་མི་སྣ་བཅས་ལ་གསལ་ཐོ་གསུམ་བཟོས་ཏེ། དུས་ལྟར་ཐག་གཅོད་བཟང་བོ་བྱ་དགོས། ཚན་རིག་དང་མཐུན་པའི་ཁོངས་གཏོགས་ཀྱི་ལས་གཞི་གསོག་འཇོག་དང་འཆར་འགོད་བཟང་པོ་བྱེད་པ་དང་། ལྷག་མའི་ལས་ཡུན་དམ་འཛིན་བྱས་ནས། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་རྣམས་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། བསྡོམས་རྩིས་མཛོད་འཇུག་དང་ཞིབ་བཤེར་རྩིས་ལེན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། མ་དངུལ་གཏོང་སྤྲོད་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། གཏོང་སྤྲོད་ཀྱི་རྩིས་ཐོ་བཟོ་བ་དང་། འགན་འཁྲི་དང་དུས་བཀག་གསལ་པོར་བཟོས་ཏེ། དགོས་མཁོར་གཞིགས་ནས་ཚད་ལྡན་ངང་གཏོང་སྤྲོད་བྱ་དགོས། དུས་བཅད་ལྟར་རོགས་སྐྱོར་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྲིད་ཇུས་ཀྱི་ཚད་གཞི་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་བསྡུས་ཞིབ་བཤེར་གཏིང་ཟབ་ཏུ་བྱེད་པ། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས། ལས་འགན་སོ་སོའི་མྱུར་ཚད་དང་སྤུས་ཚད་ཇེ་མཐོར་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལ་དམ་པོར་དམིགས་ཏེ། ཕྱུགས་ཟོག་ཕྱིར་འཚོང་དང་གསོ་སྤེལ་ལ་ཤུགས་སྣོན་བྱེད་པ་དང་། ཕྱུགས་རྒྱུད་ཇེ་ལེགས་སུ་བཏང་ནས། དགུན་དུས་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་དང་རྩྭ་ཕྱུགས་གཟན་ཆག་གསོག་ཉར་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། བདེ་འཇགས་ཐོན་སྐྱེད་དང་ཡིག་བསྐུར་ངོ་བཅར། བརྟན་བརླིང་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་ཚིས་འགན་སྲུང་སོགས་ཀྱི་བྱ་བར་གཅིག་བསྡུས་ཐོག་དམ་འཛིན་བཟང་བོ་བྱེད་པ་དང་། ཉེན་ཁའི་བྱུར་རྐྱེན་གཏིང་ཟབ་ཏུ་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བར་དུས་ཐོག་ཏུ་ལན་འདེབས་པ། མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་བ་བཅས་བྱས་ཏེ། བདེ་འཇགས་བརྟན་བརླིང་གི་ཁོར་ཡུག་ཅིག་བསྐྲུན་གང་ཐུབ་བྱ་དགོས་ཞེས་ནན་གྱིས་བསྟན།

     ཚོགས་འདུ་ལས་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་དང་བཀོད་གཏོང་དམ་འཛིན་བྱ་དགོས་ཤིང་། དུས་ཡུན་རིང་པོར་རྗེས་སུ་ལུས་པ་དང་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་དོན་ཚན་རྣམས་ལ་བྱང་བུ་བཀལ་ནས་ལྟ་སྐུལ་སྒྲུབ་སྐུལ་དང་དུས་བཀག་ལྟར་དག་ཐེར་བྱས་ནས། དག་ཐེར་དོན་འཁྱོལ་མ་བྱུང་བ་དང་སྐུལ་འདེད་ཅུང་དལ་བའི་རིགས་ལ་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་མོ་བྱ་དགོས། སྤྱོད་ཚུལ་བསྒྱུར་བ་དང་འགན་འཁྲི་ཕྲག་ཏུ་ལེན་པ། མཐུན་སྦྱོར་ལ་ཤུགས་སྣོན་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། དུས་བཀག་ལྟར་གནད་དོན་ཐག་གཅོད་བྱེད་པ་དང་ལས་ཆོད་ཆེ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་བྱ་བ་བསྒྲུབ་པར་འགན་ལེན་བྱས་ཏེ། ལོ་མཇུག་གི་བྱ་བར་གྲུབ་འབྲས་ཡག་པོ་ཞིག་ལེན་པར་འབད་བརྩོན་བྱ་དགོས་ཞེས་བླང་བྱ་བཏོན།

      ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ། ཁྲེ་ཞང་ཞན། ཀྲའོ་ཧུང་ཚའེ། བཀྲ་ཤིས་ཕུན་ཚོགས། ཆིའུ་ཡོན་ལིན། ཕན་ལེ་ཡུན་བཅས་ཚོགས་འདུར་ཞུགས།།


热门新闻

热门图库

热门排行