མཚོ་ལྷོ་ཁུལ་གྱིས་ལས་བཟོ་པར་དཔེ་ཀློག་གི་ཁོར་ཡུག་བཟང་པོ་བསྐྲུན་པ།
ལས་བཟོ་པའི་དཔེ་ཁང་ནི་ལས་བཟོ་བའི་ཉེ་འགྲམ་གྱི་དཔེ་ཀློག་བྱེད་སའི་གནས་གཙོ་བོ་ཡིན། མིག་སྔར། མཚོ་ལྷོ་ཁུལ་གྱིས་ཁྱོན་བསྡོམས་ལས་བཟོ་པའི་དཔེ་ཁང་རིགས་མི་འདྲ་བ138བསྐྲུན་ཡོད་པ་དང་། དེའི་ནང་རྒྱལ་ཡོངས་ལས་བཟོ་པའི་དཔེ་ཁང་གི་དཔེ་སྟོན་ས་ཚིགས10དང་། ཞིང་ཆེན་རིམ་པའི་དཔེ་སྟོན་ས་ཚིགས56ཚུད་ཡོད། དེ་དག་ལས་ཁུངས་དང་ཁེ་དོན་ལས་ལས་ཁུངས། ཤང་དང་གྲོང་བརྡལ། སྡེ་ཁུལ་སོགས་ལས་བཟོ་པ་འདུས་སར་ཁྱབ་ཡོད་ཅིང་། ཁུལ་ཡོངས་ཀྱི་ལས་བཟོ་བ་ཁྲི3.6ལ་ཕན་ཐོགས་ཏེ། ལས་བཟོ་པས་དཔེ་ཀློག་དང་སློབ་སྦྱོང་བྱེད་སའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་བཟོ་པའི་དཔེ་ཁང་ནང་དུ་སོང་བ་ན། དཔེ་དེབ་ལྔ་སྟོང་ལྷག་དཔེ་སྒྲོམ་དུ་གྲལ་དག་པར་བསྒྲིགས་ཡོད་ལ། ཆབ་སྲིད་གཞུང་ལུགས་དང་རྩོམ་རིག་ལོ་རྒྱུས། མཚན་ཉིད་རིག་པ། རང་བྱུང་ས་ཁམས་སོགས་ཀྱི་རིགས་ཚུད་ཡོད། ཁོམ་ལོང་ཅུང་ཙམ་ཡོད་དུས་ལས་བཟོ་པ་མི་ཉུང་བ་ཞིག་དཔེ་ཁང་དུ་ཡོང་སྟེ་སེམས་རྣལ་དུ་ཕབ་ནས་དཔེ་ཀློག་བྱས་ཏེ་རང་ཉིད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བཞིན་ཡོད།
དཔེ་དེབ་ལྟ་ཀློག་ལ་སྟབས་བདེ་བ་མ་ཟད། དྲ་ཐོག་ནས་སློབ་སྦྱོང་བྱེད་པའི་སྟེགས་བུ་གསར་པའང་བསྐྲུན་ཡོད། ཁུལ་སྤྱིའི་བཟོ་ཚོགས་ཀྱི་རྒྱབ་སྐྱོར་འོག་ལྟེ་གནས་སུ་གློག་རྡུལ་དཔེ་ཁང་བསྐྲུན་པ་དང་། བྱེད་ནུས་ཆེ་བའི་གློག་ཀླད45བཀོད་སྒྲིག་བྱས་ནས། ཚན་ཞིབ་མི་སྣའི་དཔྱད་ཡིག་ལྟ་ཀློག་དང་། དྲ་ཐོག་སློབ་སྦྱོང་། ལས་སྒོའི་ཤེས་བྱར་སློབ་སྦྱོང་བཅས་ཀྱི་དགོས་མཁོ་བསྐངས་ཏེ། ཡོངས་འཛིན་འཛུགས་སྐྲུན་ལ་རོགས་འདེགས་གང་ལེགས་བྱས་ཡོད།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་བཟོ་བ་ནོར་བུ་སྒྲོལ་མས་བཤད་རྒྱུར། ཁུལ་སྤྱིའི་བཟོ་ཚོགས་ཀྱིས་ང་ཚོར་བྱེད་ནུས་མཐོ་བའི་གློག་ཀླད45བཀོད་སྒྲིག་བྱས་ཏེ། གློག་རྡུལ་དཔེ་ཁང་བསྐྲུན་ཡོད་པས། དཔེ་ཁང་ནང་དཔེ་ཀློག་བྱེད་པ་དང་དྲ་ཐོག་ནས་སློབ་སྦྱོང་བྱེད་པ་གཉིས་ཟུང་དུ་འབྲེལ་ཐུབ་པ་མ་ཟད། ང་ཚོའི་གཞི་གྲངས་འཛུགས་སྐྲུན་གྱི་བྱ་བར་སྔར་ལས་སྟབས་བདེ་བསྐྲུན་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་དངུལ་གཏོང་ནུས་པ་མུ་མཐུད་དུ་ཆེ་རུ་བཏང་ནས། དཔེ་ཁང་འཛུགས་སྐྲུན་དེ་ཡོད་པ་ནས་ལེགས་པོའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱས་ཏེ། ཁུལ་ཡོངས་སུ་བསྡོམས་པས་དཔེ་དེབ་ཁྲི20.08ཉར་ཚགས་བྱས་ཡོད་པ་དང་། གྲངས་འཛིན་ཅན་གྱི་རིམ་བསྒྱུར་ལའང་མགྱོགས་པོར་སྐུལ་འདེད་བྱས་ནས། སྲོལ་རྒྱུན་དཔེ་ཀློག་གི་དུས་ཚོད་དང་ས་གནས་ཀྱི་ཚོད་འཛིན་ལས་བརྒལ་ཏེ། ཡུལ་དངོས་དཔེ་ཁང་དང་དྲ་ལམ་སྟེགས་བུའི་ཞབས་ཞུ་མ་ལག་འཐུས་ཚང་ཞིག་ཆགས་ཡོད། དེང་སྐབས་ཁུལ་ཡོངས་སུ་ཁྱབ་པའི་ལས་བཟོ་པའི་དཔེ་ཁང་ནི་ལས་བཟོ་པས་སློབ་སྦྱོང་བྱེད་པ་དང་འཇོན་ནུས་ཆེ་རུ་གཏོང་སའི་གནས་གཙོ་བོ་ཞིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་ཡོན་སྲོལ་གསར་དར་སྤེལ། འཆམ་མཐུན་གྱི་འབྲེལ་བ་འཛུགས་ས་བཅས་ཀྱི་གནས་གལ་ཆེན་ཞིག་ཀྱང་ཡིན།