ཀྲུང་གོའི་མི་བཟང་དཔལ་ལྡན་པདྨ་ལ་གཟེངས་རྟགས་གནང་བའི་མཛད་སྒོ་རང་ཁུལ་དུ་བསྡུས་པ།
ཟླ10པའི་ཚེས23ཉིན།ཀྲུང་གོའི་མི་བཟང་དཔལ་ལྡན་པདྨ་ལ་གཟེངས་རྟགས་གནང་བའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སྲིད་འཛིན་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ་བསྡུས་པ་དང་།མཛད་སྒོའི་ཡུལ་དངོས་སུ་ཚང་མས་མཉམ་དུ་མཐོ་སྒང་གི་གཟི་བརྗིད་ལྡན་པའི་གཏམ་བཟང་འདི་ལ་མྱོང་རོལ་དང་ལས་བཀུར་སྐྱེས་འབུལ་གྱི་མིག་དཔེའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ཉན་ནས་མི་བཟང་ལ་སློབ་སྦྱོང་དང་། མི་བཟང་པོར་བརྩི་མཐོང་། མི་བཟང་པོ་ཞིག་བྱ་རྒྱུ་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས།
དཔལ་ལྡན་པདྨ་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོའི་དགེ་རྒན་ཞིག་ཡིན་ལ།2026ལོའི་ཀྲུང་གོའི་མི་བཟང་གི་མིང་བྱང་ཁག་གསུམ་པའི་གྲས་སུ་ཚུད་པ་དང་ལས་བཀུར་སྐྱེས་འབུལ་རིགས་ཀྱི་ཀྲུང་གོའི་མི་བཟང་ལ་བདམས་ཐོན་བྱུང་ཞིང་། རྩྭ་ཐང་གི་འབྲོག་ཕྲུག་ཅིག་ཡིན་པའི་ཁོ་བོས་དབྱུག་རྩེད་སྤོ་ལོ་ལ་བརྟེན་ནས་རྩྭ་ཐང་ནས་ས་ཆ་གཞན་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། སློབ་མཐར་ཕྱིན་རྗེས་ཁོས་ས་ཆ་གཞན་གྱི་ཁྱད་དུ་འཕགས་པའི་འཕེལ་རྒྱས་ཀྱི་གོ་སྐབས་དོར་ནས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕ་ཡུལ་དུ་ལོག་སྟེ་མཐོ་སྒང་གི་གྲངས་ཉུང་མི་རིགས་ཀྱི་དབྱུག་རྩེད་སྤོ་ལོའི་རུ་ཁག་བཙུགས་ཤིང་། ཁོས་རང་ཉིད་ཀྱི་དངུལ་བཏོན་ནས་སྦྱོང་བརྡར་ཡོ་བྱད་ཉོས་ཏེ་འབྲོག་ཁུལ་གྱི་བྱིས་པ་ཚོར་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱེད་རོགས་བྱས་པ་དང་དབྱུག་རྩེད་སྤོ་ལོ་ཆུང་ངུ་སྤྱད་དེ་མཐོ་སྒང་གི་བྱིས་པ་རྣམས་ཕྱི་རོལ་གྱི་འཇིག་རྟེན་དུ་སྐྱོད་པའི་སྒོ་མོ་ཕྱེ་བ་རེད། ཁོང་གིས་ད་དུང་རུ་མིའི་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་འགྲན་རར་གཡུར་ཟའི་གྲུབ་འབྲས་བླངས་པ་དང་སློབ་མ་མང་པོ་ཞིག་གིས་དབྱུག་རྩེད་སྤོ་ལོའི་ཁྱད་ཆོས་ལ་བརྟེན་ནས་མཐོ་སློབ་ཏུ་རྒྱུགས་འཕྲོད་པ་དང་ཕུགས་འདུན་མངོན་འགྱུར་བྱུང་ཞིང་། ཁོང་གིས་ལུས་རྩལ་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མཐོ་སྒང་ལ་རྐང་ཚུགས་པ་དང་ཕྱིར་ཕ་ཡུལ་དུ་ལོག་ནས་ཞབས་འདེགས་ཞུ་བའི་བརྩེ་བ་ཟབ་མོ་མཚོན་པར་བྱས།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོའི་དགེ་རྒན་དཔལ་ལྡན་པདྨས་བཤད་རྒྱུར།ཀྲུང་གོའི་མི་བཟང་ཞེས་པའི་མཚན་སྙན་འདི་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ང་ལ་མཚོན་ན་གཟི་བརྗིད་མཚན་སྙན་འདི་ནི་མཐར་ཐུག་གི་དམིགས་ཡུལ་ཙམ་མིན་པར་མུ་མཐུད་དུ་མཐོ་སྒང་གི་སློབ་གསོར་གཞི་ཚུགས་པ་དང་འབྲོག་ཁུལ་གྱི་བྱིས་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་དང་སྒུལ་ཤུགས་ཀྱང་ཡིན་ངེས། མི་རིགས་ས་ཁུལ་གྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ལ་དུས་ནམ་ཡིན་ཡང་སློབ་གསོས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་དགའ་ཞེན་གྱིས་མདུན་ལམ་མངོན་འགྱུར་བྱེད་ཐུབ་པའི་ཡིད་ཆེས་ཡོད།ལོ་མང་རིང་ངས་ལུས་རྩལ་ལ་བརྟེན་ནས་མི་གསོ་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབྱུག་རྩེད་སྤོ་ལོའི་ལུས་རྩལ་བརྒྱུད་ནས་མཐོ་སྒང་གི་བྱིས་པ་ཚོར་ཕ་ཡུལ་ནས་ཆ་ས་གཞན་པར་སློབ་སྦྱོང་ལ་འགྲོ་བ་དང་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད་དེ།འབྲོག་ཁུལ་གྱི་སློབ་ཕྲུག་ཚོར་མི་ཚེའི་གདམ་ག་སྔར་བས་མང་པོ་ཡོད་པ་བྱ་རྒྱུའི་རེ་བ་ཡོད། རྗེས་ཕྱོགས་ངས་མུ་མཐུད་དུ་ཁྲིད་སྟེགས་བརྟན་སྲུང་དང་ལུས་རྩལ་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ།སེམས་རྣལ་དུ་ཕབ་ནས་སློབ་ཁྲིད་བྱེད་པ་དང་བརྩེ་སེམས་ལ་བརྟེན་ནས་མི་གསོ་སྐྱོང་བྱས་ཏེ་གཞོན་ནུ་ལོ་ཆུང་སྔར་བས་མང་པོར་ཡར་རྒྱས་དགེ་སྒྲུབ་ཀྱི་ཕྱོགས་སུ་སྐུལ་ཁྲིད་དང་། སྤྱིར་བཏང་གི་བརྟན་སྲུང་ལ་བརྟེན་ནས་མཐོ་སྒང་གི་སློབ་གསོར་རང་ནུས་ཅི་ལྕོགས་སྒོས་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཚེ་བརྟན་རྡོ་རྗེ་ཡིས་བཤད་རྒྱུར། ཁོ་མ་གཞི་ནས་ཧ་ཅང་ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཡིན། ཁོའི་སྨྲ་བ་ཉུང་ཞིང་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་གཤིས་ཀ་དེར་ང་ཚོས་སློབ་སྦྱོང་བྱ་འོས། ང་ཚོ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཚོས་ཀྱང་འབད་བརྩོན་ལྷོད་མེད་བྱས་ཏེ་འབྱུང་འགྱུར་ཕ་ཡུལ་ལ་དྲིན་ལན་གཞལ་རྒྱུ་ཡིན་ཟེར།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་མཱ་ཨན་ན་ཡིས་བཤད་རྒྱུར། ཁོའི་ལས་གྲོགས་ཤིག་ཡིན་པའི་ཆ་ནས་ངས་སེམས་གཏིང་ནས་ཁོ་ལ་གུས་བཀུར་དང་ཁོ་རང་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད། མཐོ་སྒང་གི་ཕྱུགས་ཟོག་འཚོ་བའི་གཞོན་ནུ་ཞིག་ནས་སྦྱངས་འབྲས་གཡུར་དུ་ཟ་བ་ཞིག་ལོན་པའི་བར། ཁོས་གྲོང་ཁྱེར་གྱི་ཆ་རྐྱེན་ལེགས་པོ་བསྐྱུར་ནས་ཕ་ཡུལ་དང་རང་ཉིད་ཀྱི་མ་ཡུམ་སློབ་གྲྭར་ལོག་ནས་གཞི་རིམ་དུ་རྐང་བཙུགས་ཏེ། དབྱུག་རྩེད་སྤོ་ལོས་ང་ཚོ་འབྲོག་ཁུལ་གྱི་བྱིས་པ་ཚོར་འཚར་ལོངས་ཀྱི་ལམ་བུ་གསར་བ་ཞིག་བཏོད་པ་རེད། ཁོ་ནི་ང་ཚོའི་གམ་གྱི་མིག་དཔེ་བཟང་བོ་དེ་ཡིན་ལ། ཁོར་མི་སེམས་འགུག་པའི་སྐུལ་ལྕག་གི་སྟོབས་ཤུགས་ཤིག་ཡོད། ངས་བསམ་ན་དེ་རིང་ནི་གཟེངས་རྟགས་སྟེར་བའི་བྱ་འགུལ་ཙམ་མིན་པར། དེ་ལས་ཀྱང་གསོན་ཤུགས་ལྡན་པའི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོའི་སློབ་ཁྲིད་ཐེངས་ཤིག་ཡིན། ཁོས་ང་ཚོ་ཡུལ་དངོས་ཀྱི་མི་ཚང་མར་བཤད་རྒྱུར། འབད་བརྩོན་གྱིས་ལས་དབང་བསྒྱུར་ཐུབ་པ་དང་། སྦྱངས་འབྲས་ལེགས་པོ་ཞིག་བྱུང་ཡང་དུས་རྟག་ཏུ་ཕ་ཡུལ་སེམས་གཏིང་དུ་ཉར་དགོས། ང་ཚོས་བསམ་བློའི་སྟོབས་ཤུགས་དེར་སློབ་སྦྱོང་བྱས་ནས་སློབ་གསོའི་རང་འགན་ལ་གཞི་བཙུགས་ཏེ། མིག་དཔེའི་སྟོབས་ཤུགས་དེ་སློབ་མ་ཚོར་བརྒྱུད་སྤྲོད་བྱས་པ་དང་། ཁོ་ཚོས་ཕུགས་བསམ་སེམས་ལ་དམ་པོར་བཟུང་ནས་འཚར་ལོངས་ཀྱི་ལམ་བུར་དཀའ་སྤྱད་སྡུག་རུས་ཀྱིས་བསྐྱོད་པར་ཁྲིད་སྟོན་བྱས་ནས་དུས་རབས་གསར་བའི་ན་གཞོན་བཟང་པོ་ཞིག་བྱ་རྒྱུར་སྐུལ་ལྕག་བཏང་བ་ཡིན་ཟེར།
ཐེངས་འདིའི་གཟེངས་རྟགས་སྟེར་བའི་མཛད་སྒོ་ནི་མཚན་སྙན་སྩོལ་བ་ཙམ་མ་ཡིན་པར་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཐེངས་ཤིག་ཀྱང་ཡིན་པས། མཚོ་ལྷོ་ཁུལ་གྱིས་མཐའ་འཁོར་གྱི་མི་བཟང་འདེམས་པའི་དྲིལ་སྒྲོག་བྱ་བ་མུ་མཐུད་དུ་གཏིང་ཟབ་ཀྱིས་སྤེལ་བ་དང་།དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།རང་ས་གནས་ཀྱི་མི་བཟང་གི་གཏམ་རྒྱུད་ལེགས་པོར་བརྗོད་དེ།དཔལ་ཡོན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས།ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ནུས་ཤུགས་གསར་པ་འདོན་རྒྱུ་རེད།།