རང་ཁུལ་གྱིས་ཏང་འཛུགས་སྐྱོང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས་པ།
རང་ཚགས་པར་གྱི་འཕྲིན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅོ་ལྔ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། རིམ་པ་སོ་སོའི་ལས་བྱེད་པས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་སྒྲུབ་ནུས་པ་སྔར་ལས་ཆེ་རུ་གཏོང་ཆེད། ཟླ10པའི་ཚེས22ཉིན་ནས་ཚེས23ཉིན་བར། མཚོ་ལྷོ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས་པ་དང་། ཁུལ་གཏོགས་འབྲེལ་ཡོད་སྡེ་ཁག་གི་ལས་བགོས་འགན་འཁུར་བློ་མཐུན་དང་ཁུལ་རིམ་པའི་གཉིས་འབྲེལ་མཉམ་སྐྲུན་ལས་ཁུངས་ཀྱི་འགན་འཁུར་པ་གཙོ་བོ། རྫོང་སོ་སོའི་ལས་བགོས་མགོ་ཁྲིད། རྫོང་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ཤང་དང་གྲོང་བརྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། རྩ་འཛུགས་ཨུ་ཡོན་སོགས་མི412བགྲོ་གླེང་འཛིན་གྲྭར་ཞུགས་ཡོད་པ་རེད།
བགྲོ་གླེང་ཚོགས་འདུའི་ཐོག་སློབ་ཁང་གཙོ་བོ་དང་ཡན་ལག་སློབ་ཁང་གཉིས་སུ་སློབ་ཁྲིད་བྱེད་པའི་རྣམ་པ་སྤྱད་དེ། ཚོགས་ཞུགས་མི་སྣས་གཅིག་བསྡུས་ཀྱིས་གཞི་རིམ་གྱི་སྔོན་ཐོན་དཔེ་མཚོན་སློབ་གསོའི་བརྙན་རིས་ལ་བལྟས་པ་དང་། ཁུལ་རིམ་པའི་མགོ་ཁྲིད་གདན་འདྲེན་ཞུས་ནས་ཆེད་དོན་འཆད་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐབས་ལམ། གཞི་རིམ་བཅོས་སྐྱོང་གི་དཀའ་ངལ་སེལ་ཐབས་བཅས་ཀྱི་ནང་དོན་གཙོ་བོར་འགྲེལ་བཤད་གཏིང་ཟབ་བྱས་པ་དང་བསམ་ཕྱོགས་བརྒྱུད་སྒྲོག་བྱས་པ་རེད། ཚན་ཆུང་གི་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཚོགས་འདུ་བཀོད་སྒྲིག་བྱས་ནས། གསོ་སྦྱོང་མི་སྣས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་གི་ལག་ལེན་ཕན་འབྲས་ཐད་ནས་བསམ་བློ་བརྗེ་རེས་དང་གཉིས་འབྲེལ་མཉམ་སྐྲུན་བྱ་བའི་ཁྲོད་ཀྱི་ཉམས་མྱོང་དང་མི་འདང་ས་ཕྱོགས་བསྡོམས་བྱས་ཤིང་། རྗེས་ཕྱོགས་ཀྱི་བྱ་བའི་བྱེད་ཐབས་འཆར་འགོད་བཅས་བྱས་ནས། ཚོགས་ཞུགས་མི་སྣས་ཕན་ཚུན་ལ་སྐུལ་ལྕག་དང་ཕན་ཚུན་ལ་སློབ་སྦྱོང་བྱས་ཏེ། བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བའི་གསོ་སྦྱོང་གི་ཕན་འབྲས་ཐོབ་ཡོད།
ཚང་མས་ཐེངས་འདིའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དམིགས་སའི་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེ་བས་བྱ་བའི་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་བཏང་བ་དང་ནུས་པའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཡོད་ལ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ནས། ཅན་བཅུའི་ཏང་འཛུགས་སྐྱོང་མུ་མཐུད་དུ་དམ་འཛིན་དང་གཉིས་འབྲེལ་མཉམ་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་སྒོས་ཏང་འཛུགས་སྐྱོང་ལམ་ལུགས་ཀྱི་དགེ་མཚན་དེ་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་ནས། ཁུལ་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པའི་བསམ་ཚུལ་བསྟན།།