བོད་ལྗོངས་སྦྲ་ཆེན་རྫོང་དུ་ས་ཡོམ་བྱུང་རྗེས་ཀྱི་བཀོད་སྒྲིག་ལས་དོན་མགྱོགས་མྱུར་ངང་སྤེལ་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་རིམ་པ7.0ཅན་གྱི་ས་ཡོམ་བྱུང་རྗེས། ས་གནས་དེས་མྱུར་སྐྱོབ་དང་རོགས་སྐྱོབ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་ཤིང་། གནོད་སེལ་དངོས་ཟོག་སྐོར་ཐེངས་མང་པོ་ཞིག་ཡོམ་ཁུལ་དུ་སྐྱེལ་འདྲེན་བྱས་པ་དང་། པང་ལེབ་ཁང་བ་དང་། སྦྲ་གུར། ཉལ་ཆས། དྲོད་ལེན་ཐབ་ཀ་སོགས་ཀྱི་དངོས་པོ་རྣམས་བཀོད་སྒྲིག་ས་ཚིགས་སོ་སོར་དུས་གཅིག་ཏུ་བགོ་འགྲེམས་བྱས་ཡོད། གློག་ཤུགས་མི་སྣས་སྐུད་ལམ་འཐེན་ཏེ་བཀོད་སྒྲིག་ས་ཚིགས་སུ་གཞི་རྩའི་གློག་ཤུགས་མཁོ་སྤྲོད་འགན་སྲུང་བྱེད་པ་དང་། ཨར་ལས་མི་སྣས་ཁང་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་ནས། མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། ཤང་གྲོང་ལས་བྱེད་པས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དངོས་ཟོག་སྐྱེལ་འདྲེན་བྱེད་པར་རོགས་རམ་བྱས་པ་དང་། སྨན་བཅོས་མི་སྣས་བཀོད་སྒྲིག་ས་ཚིགས་ནང་སྐོར་སྐྱོད་བརྟག་དཔྱད་བྱེད་པ། བརྩེ་སེམས་ལྡན་པའི་ཟ་ཁང་གི་སྦྱིན་བདག་གིས་གནོད་འཚེ་ཕོག་མཁན་རྣམས་ལ་ཟས་རིགས་ཚ་པོ་མཁོ་འདོན་བཅས་བྱེད་བཞིན་ཡོད། མིག་སྔར་བཀོད་སྒྲིག་ས་ཚིགས་སོ་སོའི་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ཁམས་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རེད།








