ཁྲི་ཀ་རྫོང་གིས་གུན་ཚབ་ལས་སྤྲོད་ལ་བརྟེན་ནས་དམངས་ལ་ཕན་བདེ་བསྐྲུན།
ཉིན་འདི་འགའི་རིང་། ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་དང་ལ་ཟེ་བ་གྲོང་བརྡལ་གྱི་གུན་ཚབ་ལས་སྤྲོད་ལས་གཞིའི་ཨར་ལས་བྱ་ཡུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ལམ་ངོས་སྙོམས་པ་དང་སྦུག་ལམ་འཛུགས་སྐྲུན་བྱེད་པ། ཨར་འདམ་ལྡུག་པ་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། 2026ལོའི་གུན་ཚབ་ལས་སྤྲོད་ལས་གཞིར་སྐུལ་འདེད་བཏང་ནས། ངལ་རྩོལ་ནུས་ཤུགས་བསྡུ་ལེན་དང་ལག་རྩལ་སྦྱོང་བརྡར་སོགས་ཀྱི་བྱ་བར་ཕན་འབྲས་ཐོན་ཏེ། རོང་འབྲོག་མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་ལས་ཞུགས་ཐུབ་པ་དང་ཡོང་འབབ་འཕར་སྣོན་ཡོང་བར་མངོན་འགྱུར་བྱུང་།
གཞུང་དངོས། ད་ལོའི་ཚུན་ལ། ཁྲི་ཀ་རྫོང་གིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་གཙོ་གནད་དུ་བཟུང་སྟེ། འཕྲང་དམར་གྲོང་བརྡལ་རྟ་སྒ་གཞོངས་སྡེ་བ་དང་ལ་ཟེ་བ་གྲོང་བརྡལ་རྡོ་ར་སྡེ་བའི་གྲོང་གསེབ་གཞུང་ལམ་ལེགས་བསྒྱུར་བྱེད་པའི་གུན་ཚབ་ལས་སྤྲོད་ལས་གཞི་ལག་བསྟར་བྱས་ནས། སྡེ་མིས་རང་བསྐྲུན་བྱེད་པའི་རྣམ་པ་སྤྱད་དེ། ས་གནས་ཀྱི་མང་ཚོགས་དང་དབུལ་ཐར་ཁྱིམ་ཚང་། ལྟ་ཞིབ་ཚད་ལེན་ཁྱིམ་ཚང་། གཞིས་སྲུང་ངལ་རྩོལ་པ་བཅས་དམིགས་བསལ་གྱིས་ངལ་ལས་ཁྲོད་བསྡུ་ལེན་བྱས་ཡོད།
འཕྲང་དམར་གྲོང་བརྡལ་རྟ་སྒ་གཞོངས་སྡེ་བའི་སྡེ་མི་བསོད་ནམས་རྒྱལ་གྱིས་བཤད་རྒྱུར། ང་ཚོའི་སྡེ་བར་གུན་ཚབ་ལས་སྤྲོད་ལས་གཞི་ལག་བསྟར་བྱས་པས། ང་ཚོ་ཕྱི་རུ་ཞོར་ལས་ལ་འགྲོ་མི་དགོས་པར་རང་ཁྱིམ་སྒོ་ཁར་ལས་ཞུགས་བྱས་ཏེ་ཡོང་འབབ་འཚོལ་ཐུབ་པ་མ་ཟད། ཞིང་འདེབས་པ་དང་ནོར་ལུག་འཚོ་སྐྱོང་བྱེད་པའི་དུས་ཚོད་ཡོད་ལ། ད་དུང་རྒན་པ་དང་བྱིས་པར་ལྟ་སྐྱོང་ཀྱང་བྱེད་ཐུབ། གླ་ཕོགས་དུས་ལྟར་ཆད་ལུས་མེད་པར་སྤྲོད་བཞིན་ཡོད་པས་སེམས་ཧ་ཅང་བདེ། སྡེ་བའི་ནང་གི་གཞུང་ལམ་ཉིན་རེ་བཞིན་ཇེ་བདེར་འགྲོ་བཞིན་ཡོད་པ་མཐོང་ན། རྗེས་ཕྱོགས་ཀྱི་འགྲོ་འོང་དང་གཟན་ཆས་སྐྱེལ་འདྲེན། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བཅས་བྱེད་པར་སྔར་ལས་སྟབས་བདེ་རུ་འགྲོ་ངེས་རེད། ང་ཚོས་ཏང་གི་སྲིད་ཇུས་བཟང་པོར་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ། ལས་གཞི་འདི་སྔ་ཙམ་ལེགས་འགྲུབ་བྱུང་སྟེ་སྡེ་བར་སྔར་ལས་འཕེལ་རྒྱས་ཡོང་བར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།
ལས་གཞི་འཛུགས་སྐྲུན་བྱེད་སྐབས་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ་ཡིས་ཤང་དང་གྲོང་བརྡལ། སྡེ་བའི་ཨུ་ལྷན་གཉིས་བཅས་དང་མཉམ་འབྲེལ་གྱིས་ཡུལ་དངོས་བཀོད་འདོམས་ལམ་སྲོལ་བཙུགས་ཏེ། ཨར་ལས་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད། ལས་མི་སྤྱོད་པ་བཅས་ཀྱི་འགག་སྒོ་གསུམ་ནན་སྲུང་བྱས་ཤིང་། སྡེ་མིའི་ལས་གཞིའི་དོ་དམ་ཚོགས་པ་བཙུགས་ནས་མང་ཚོགས་རྣམས་ཨར་ལས་ལྟ་སྐུལ་དང་ལས་ཀའི་ཐོ་འགོད། ལས་ཞུགས་ཟིན་ཐོ་སོགས་ཀྱི་བརྒྱུད་རིམ་ཡོངས་ལ་མཉམ་ཞུགས་བྱེད་དུ་བཅུག་ཅིང་། དུས་མཚུངས་སུ་ལས་སྔོན་གསོ་སྦྱོང་དང་གཞུང་ལམ་འཛུགས་སྐྲུན་གྱི་ལག་ལེན་དངོས་སྦྱོང་བྱས་ནས། ངལ་ལས་མང་ཚོགས་ཀྱིས་ལས་ཀའི་ཞོར་དུ་ལག་རྩལ་སྦྱངས་ནས་ལས་ཞུགས་ལམ་བུ་རྒྱ་བསྐྱེད་དུ་བཏང་བ་དང་། ངལ་ལས་གླ་ཕོགས་དེ་དམངས་ཕན་ནོར་སྲིད་ཁ་གསབ་མ་དངུལ་གྱི་གཅིག་སྤྱོད་བྱང་བུའི་མ་ལག་དོ་དམ་ནང་བཅུག་སྟེ། གླ་ཕོགས་མི་སྒེར་གྱི་བྱང་བུའི་ནང་ཐད་ཀར་སྤྲོད་པ་དང་། ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་དང་ཁ་གསལ་ཡོང་བར་བྱས་ནས་མང་ཚོགས་ཀྱི་ངལ་རྩོལ་ཁེ་ཕན་འགན་ལེན་བྱས། མིག་སྔར། ལས་གཞི་གཉིས་ཀྱིས་ས་གནས་ཀྱི་མང་ཚོགས200ལྷག་རང་ཁྱིམ་སྒོ་ཁར་ལས་ཞུགས་ཐུབ་པར་བྱས།
ལ་ཟེ་བ་གྲོང་བརྡལ་རྡོ་ར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་དབང་རྒྱལ་གྱིས་བཤད་རྒྱུར། སྔོན་ཆད་རྡོ་ར་སྡེ་བའི་གཞུང་ལམ་ཁ་ཤས་ཀྱི་ལམ་ཞེང་དོག་ཅིང་ལམ་ངོས་མི་བདེ་བས་སྡེ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་བཀག་རྒྱ་ཞིག་ཏུ་གྱུར་ཡོད། ཐེངས་འདིར་གུན་ཚབ་ལས་སྤྲོད་ཀྱི་གཞུང་ལམ་ལས་གཞི་ལག་བསྟར་བྱས་པ་དེ་ང་ཚོའི་སྡེ་བར་མཚོན་ན་དམངས་སེམས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། ལས་གཞི་འཛུགས་སྐྲུན་སྐབས་སུ། མང་ཚོགས་རང་ཁྱིམ་སྒོ་ཁ་ནས་ལས་ཞུགས་ཐུབ་པ་དང་། ཞིང་ཕྱུགས་ཐོན་ལས་ལའང་དུས་འགྱངས་མ་བྱས་པར་ཡོང་འབབ་བརྟན་པོར་འཕར་བས། ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ང་ཚོས་མུ་མཐུད་དུ་ཡུལ་དངོས་མཐུན་སྦྱོར་དང་ལས་སྤྱོད་དོ་དམ། སྤུས་ཚད་ལྟ་སྐུལ་བཅས་ཀྱི་བྱ་བ་ལེགས་པར་བསྒྲུབ་ནས། གཞུང་ལམ་གྱི་ལས་གཞི་དེ་ཚད་གཞི་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཟེར།
ལས་གཞི་ལེགས་འགྲུབ་བྱུང་རྗེས། མང་ཚོགས་ཀྱི་འགྲོ་འོང་ཆ་རྐྱེན་ཇེ་ལེགས་སུ་སོང་ནས། ནོར་ལུག་དང་ནས། པད་ཁ་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་འཁོར་རྒྱུག་མ་རྩ་ཇེ་དམའ་རུ་སོང་ནས། གྲོང་གསེབ་ཀྱི་ཐོན་ལས་ལ་རོགས་འདེགས་བྱ་ཐུབ།