རྒྱལ་ནང་། 详情

བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཚད་རིམ7ཅན་གྱི་ས་ཡོམ་བྱུང་བས་མཚོ་སྔོན་འབྲེལ་མཚམས་ཀྱི་ས་ཁུལ་དུ་ཡོམ་ཚོར་དྲག་པོ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད22དང་སྐར་མ33སྟེང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཚད་རིམ7.0ཅན་གྱི་ས་ཡོམ་བྱུང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དང་སྦྲ་ཆེན་རྫོང་གཉིས་འབྲེལ་ཡོད་པས། འབྲེལ་མཚམས་ཀྱི་གྲོང་རྡལ་དུ་ཡོམ་ཚོར་ཚབས་ཆེན་ཡོད་པ་དང་ཁང་པ་ཁག་ཅིག་ལ་གས་སྲུབས་བྱུང་ཡོད་ལ། གནས་སྐབས་སུ་ཁང་པ་རྡིབ་པ་དང་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་འབྱོར་མེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་སྦྲ་ཆེན་རྫོང་གི་ཚད་རིམ7ཅན་གྱི་ས་ཡོམ་ལས་ཡོམ་ལྟེ་ནི་འཕྲེད་ཐིག་བྱང་མ་ཏུའུ32.40དང་ཤར་གཞུང་ཐིག་ཏུའུ 93.79ཡིན་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་ས་མཚམས་བར་སྤྱི་ལེ11ཡོད་པ་དང་། རྫ་སྟོད་རྫོང་མཁར་བ་དུ་སྤྱི་ལེ152ཙམ་ཡོད།  རྫ་སྟོད་རྫོང་གི་ཏང་ཨུའི་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར། ས་ཡོམ་བྱུང་སྐབས་རྫ་སྟོད་རྫོང་དུ་ཡོམ་ཚོར་ཡོད་དེ། མདུན་ཅོག་སྟེང་བཞག་པའི་ཆུ་ཕོར་ནང་གི་ཆུ་གཡོ་འགུལ་བྱུང་བས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཛ་དྲག་བཀོད་གཏོང་བྱས་ཏེ་ཤང་དང་གྲོང་རྡལ་ཁག་གི་གནས་ཚུལ་གྲལ་བཤེར་བྱས་པ་ཡིན་ཟེར།

སྦྲ་ཆེན་རྫོང་གི་འབྲེལ་མཚམས་སུ་ཡོད་པའི་རྫ་སྟོད་རྫོང་བག་ཆེན་ཤང་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར། ས་གནས་དེ་གར་ཡོམ་ཚོར་ཆེན་པོ་ཡོད་པ་དང་ཁང་པ་ཁག་ཅིག་ལ་གས་སྲུབས་བྱུང་། མིག་སྔར་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་བཞིན་ཡོད་ལ། གནས་སྐབས་སུ་ཁང་པ་རྡིབ་པ་དང་མི་སྣ་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ཟེར།  རྫ་སྟོད་རྫོང་གྲམ་དཀར་ཤང་གི་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར། ཤང་དེ་དང་སྦྲ་ཆེན་རྫོང་གི་འབྲེལ་མཚམས་ཀྱི་སྡེ་བ་ཁག་ཅིག་ལ་ཡོམ་ཚོར་ཆེན་པོ་ཡོད་པས་མིག་སྔར་ཁང་པའི་གྱོང་ཕོག་གནས་ཚུལ་གྲལ་བཤེར་བྱེད་བཞིན་ཡོད་ཟེར།

ཤེས་གསལ་ལྟར་ན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་དེ་མ་ཐག་རླངས་འཁོར3དང་མི16བསྡུས་ཏེ་ལས་ཀ་སོ་སོར་ཕྱོགས་ཡོངས་ནས་གྲ་སྒྲིག་གང་ལེགས་བྱས་ནས་བསྡད་ཡོད། །

热门新闻

热门图库

热门排行