གནས་ཚུལ། 详情

ཁྲི་ཀ་རྫོང་གི་ཞོག་ཁོག་ལ་ལོ་ལེགས་བྱུང་།

མིག་སྔར་ནི་སྟོན་བསྡུའི་དུས་ཚིགས་ཡིན་པས་ཀབ་རོན་གཞུང་ཤང་གི་ཞོག་ཁོག་ལ་ལོ་ལེགས་བྱུང་ནས་གང་སར་ལྗིད་ཏིག་ཏིག་གི་འབྲས་བུས་ཁེངས་འདུག་ལ། ཞིང་བ་ཁྱིམ་ཚང་རྣམས་ཀྱིས་ཉིན་འགའི་གནམ་གཤིས་ཡག་པོ་ཡོད་པའི་སྐབས་དང་བསྟུན་ནས་ལས་བགོས་མཉམ་སྒྲུབ་བྱས་ཏེ་བསྡུ་བ་དང་ཁག་བགོས། ཁུག་མར་འཇུག་པ། དབོར་འདྲེན་བཅས་བྱས་ནས་གང་ས་གང་དུ་སྟོན་བསྡུའི་ལས་ལ་བྲེལ་བའི་རྣམ་པས་ཁེངས་ཡོད། མཐོ་སྒང་གི་ཞོག་ཁོག་ནི་ས་གནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད།

 ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་གི་ས་བབ་ཁོད་སྙོམས་པ་དང་ས་རྒྱུ་གཤིན་པོ་ཡོད་པས་ཞོག་ཁོག་སྐྱེ་འཚར་ལ་ཆ་རྐྱེན་བཟང་པོ་ཞིག་མཁོ་འདོན་བྱས་ཡོད་ལ། ཞོག་ཁོག་ནི་ཤང་གི་གཙོ་གནད་དུ་གསོ་སྤེལ་བྱས་པའི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་ཤིག་ཀྱང་ཡིན། སྟོན་བསྡུའི་ཡུལ་དངོས་སུ་འཕྲུལ་ཆས་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པ་དང་ཞིང་བ་རྣམས་ཀྱིས་ཞིང་ནང་དུ་ཞོག་ཁོག་འཐུ་བཞིན་ཡོད་ལ། ཁུག་མར་བཅུག་པའི་ཞོག་ཁོག་གྲལ་འགྲིག་པོའི་ངང་ཞིང་འགྲམ་དུ་སྤུངས་ཡོད། ཞོག་ཁོག་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན་པ་དེས་སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཞིང་བ་ཁྱིམ་ཚང་ལ་དངོས་ཕན་ཐོབ་པ་སྟེ་ཞིང་འདེབས་འདོད་ཡོད་པའི་ཞིང་བ་ཁྱིམ་ཚང་གིས་གཉེར་སྐྱོང་རང་བདག་དང་ས་ཞིང་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས་པ་དང་། སྟོན་བསྡུའི་དུས་ཚིགས་སུ་རང་ས་གནས་ཀྱི་མང་ཚོགས་སྔོན་ལ་ལས་མི་རུ་བསྡུས་པ་ཡིན་ཞིང་། ཞིང་ནང་དུ་ཐོན་འབབ་ཡོད་པ་དང་མང་ཚོགས་ལ་ལས་ཀ་ཡོད་པས་ཡུལ་མི་ཚོར་ངེས་པ་དོན་གྱིས་ཕན་ཐོགས་ཡོད།

མཚོ་སྔོན་ཀབ་རོན་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་པ་ཀྲང་ཚའེ་ཁྲིན་གྱིས་བཤད་རྒྱུར། སློབ་མཐར་ཕྱིན་རྗེས་ང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དང་ད་ལོར་འཁོར་རྒྱུག་ས་ཞིང་མུའུ758ཟིན་པ་དེར་ཞོག་ཁོག་འདེབས་འཛུགས་བྱས་པས་གཞི་རྩའི་ཆ་ནས་ཉིན་རེར་ས་གནས་མང་ཚོགས་བརྒྱ་ལྷག་ཙམ་གྱིས་ཐག་ཉེ་སར་ལས་ཀ་བྱེད་པར་བསྡུ་ལེན་བྱས་པ་དང་། མི་རེར་ཆ་སྙོམས་ཉིན་རེའི་གླ་ཕོགས་སྒོར120ཡོད་པས་སྡེ་མི་ཚོར་རང་ཁྱིམ་སྒོ་ཁར་འབབ་འཕར་བརྟན་པོ་ཡོང་བར་བྱས་ཡོད། རྗེས་ཕྱོགས་ངས་མུ་མཐུད་དུ་ཕ་ཡུལ་དུ་གཞི་ཚུགས་ནས་ཁྱད་ལྡན་འདེབས་འཛུགས་ཐོན་ལས་རྨོ་འདེབས་བྱས་ཏེ་རྟེན་གཞི་ཡག་པོ་གཉེར་བ་དང་ཐོན་ལས་བརྟན་པོ་གཉེར་ནས་སྡེ་མི་སྔར་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཏེ། རང་གི་ལག་ཟུང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་ཟེར།

ཉེ་བའི་ལོ་ཤས་རིང་། ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་གིས་ས་བབ་སྙོམས་པ་དང་ས་གཤིས་གཤིན་པ། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ། གནམ་གཤིས་འཁྱག་པ་བཅས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ཏེ། སྔོ་ཚལ་གྱི་ཁྱད་ལྡན་འདེབས་འཛུགས་འཕེལ་རྒྱས་སུ་གཏོང་བ་དང་། སའི་ཐོན་ཁུངས་བསྡུ་སྒྲིལ་དང་འདེབས་འཛུགས་རིགས་སྣ་ལེགས་སྒྱུར། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བརྒྱུད་ནས་ཤང་གི་གནས་ཚུལ་དང་འཚམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། རེ་བའི་ཚལ་ཞིང་རེ་རེ་ཡིས་ཚོང་ལམ་ཡག་པོ་དང་ལས་གནས་བརྟན་པོ་འདོན་སྤྲོད་བྱས་ཏེ། སྡེ་མི་ཡོངས་ཀྱི་ཡོང་འབབ་ཇེ་མང་དང་འཚོ་བ་ཇེ་ལེགས་སུ་འགྲོ་བར་རེ་བ་ཆེན་པོ་བསྩལ་ཡོད།

ཁྲི་ཀ་རྫོང་ཀབ་རོན་གཞུང་ཧའེ་རིགས་ཤང་ཏང་ཨུའི་ཨུ་ཡོན་ནམ་རྩ་འཛུགས་ཨུ་ཡོན། དྲིལ་སྒྲོག་ཨུ་ཡོན་ཝུའུ་ཞོན་གྱིས་བཤད་རྒྱུར། རང་ཤང་གིས་ས་གནས་ཀྱི་ན་གཞོན་འཇོན་མི་ཕྱིར་རང་ཡུལ་དུ་ལོག་པར་མཐོང་ཆེན་བྱས་ཤིང་། སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་སྐུལ་མ་བཏང་སྟེ། སྲིད་ཇུས་ཀྱི་ཁྲིད་སྟོན་དང་ས་ཞིང་འཁོར་རྒྱུག་སོགས་ཀྱི་ཞབས་ཞུ་ལེགས་པོར་བསྒྲུབས་ནས། ན་གཞོན་ཚོར་ལས་སྒྲུབ་ལས་གཏོད་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད། ཀྲང་ཚའེ་ཁྲེང་ཕ་ཡུལ་དུ་ལོག་ནས་ཞོག་ཁོག་འདེབས་འཛུགས་འཕེལ་རྒྱས་སུ་བཏང་བ་དང་སའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་མང་ཚོགས་ཀྱིས་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་མ་ཟད། སྲོལ་རྒྱུན་གྱི་ཞིང་ལས་ལ་ལག་རྩལ་གསར་པ་དང་འདུ་ཤེས་གསར་པའང་བསྣན་པས་དཔེ་སྟོན་གྱི་ཕན་འབྲས་བཟང་པོ་ཐོན་ཡོད། རྗེས་མར་ང་ཚོས་ལས་གཏོད་འགན་ལེན་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། ཁྱད་ལྡན་ཞིང་ལས་ཐོན་ལས་གསོ་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས། འཇོན་མི་གསོ་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་དུ་གཏོང་རྒྱུ་ཡིན་ཟེར།


热门新闻

热门图库

热门排行