མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་གཅིག་སྡུད་སྒོས་སྒྲོག་འགྲེལ་བྱས།
ཉིན་འདི་འགའི་རིང་ལ། ཞིང་ཆེན་ཡོངས་ལ་ཁྱབ་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཞེས་པའི་ཆེད་དོན་སྒྲོག་འགྲེལ་བྱ་འགུལ་མཚོ་སྔོན་དུ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆེད་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། ཟླ9པའི་ཟླ་མགོ་ནས་བཟུང་སྒྲོག་འགྲེལ་གྱི་བྱ་འགུལ་སྤེལ་བ་དང་། རིམ་རྩིས་བྱས་ན་གཅིག་སྡུད་སྒྲོག་འགྲེལ་གྱི་བྱ་འགུལ་ཐེངས130ལྷག་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་། རྫོང་དང་ཤང་། གྲོང་བརྡལ། གཙོ་གནད་ཆོས་ལུགས་བྱ་འགུལ་སྤེལ་ཡུལ། ཞིང་ཆེན་ཏང་ཨུ་དང་པུའུ་ཨུ། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། རྒྱལ་དབང་ཁེ་ལས་བཅས་ས་ཁོངས་ཡོངས་ལ་ཁྱབ་པར་བྱས་ཡོད།
ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཁུལ་གཅིག་དང་རྫོང་གཅིག ཤང་དང་གྲོང་བརྡལ་གཅིག གཙོ་གནད་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གཅིག་བཅས་ལ་རིམ་པ་བཞིན་སྒྲོག་འགྲེལ་བྱ་འགུལ་སྤེལ་དགོས་པའི་རྩ་དོན་ལྟར། གྲོང་ཁྱེར་དང་ཁུལ་སོ་སོས་ཁོངས་གཏོགས་ཁུལ་གྱི་རྫོང་དང་ས་ཁུལ། ཤང་དང་གྲོང་བརྡལ། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་སོ་སོའི་སྒྲོག་འགྲེལ་གྱི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་འགན་འཁུར་ཏེ། སྒྲོག་འགྲེལ་བྱ་འགུལ་ས་ཁོངས་ཡོངས་ལ་ཁྱབ་པར་བྱས།
རིམ་བགར་དང་གཏན་འཁེལ་གྱི་སྒྲོག་འགྲེལ་བྱེད་ཐབས་གསར་གཏོད་བྱས་ཏེ། ལས་ཁུངས་དང་ཁེ་ལས། གྲོང་གསེབ། སྡེ་ཁུལ། ཆོས་ལུགས་བྱ་འགུལ་སྤེལ་ཡུལ་སོགས་ལ་ཟབ་ཞུགས་བྱས་ནས། ལས་ཁུངས་ཀྱི་ལས་བྱེད་པ་དང་ཆོས་ལུགས་མི་སྣ། གཞོན་ནུ་ལོ་ཆུང་སོགས་ཚོགས་སྤྱི་མི་འདྲ་བར་དམིགས་ཏེ། དགོས་མཁོ་ལྟར་སྒྲོག་འགྲེལ་གྱི་གཙོ་གནད་ལེགས་སྒྲིག་བྱས་ནས། བོད་རྒྱ་སྐད་གཉིས་དང་མང་ཚོགས་ཀྱིས་གོ་བདེ་བའི་ཁ་བརྡ། ས་གནས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་བཅས་ཀྱི་ལམ་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་ཡུལ་དངོས་སུ་དྲི་བར་ལན་འདེབས་པ། བཅའ་ཁྲིམས་སློབ་གསོའི་དཔྱད་གཞིའི་ཡིག་རིགས་འགྲེམ་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་ཟུང་འབྲེལ་བྱས་ནས། གོ་བདེ་ཞིང་གཏིང་ཟབ་པའི་སྒོ་ནས་བཅའ་ཁྲིམས་ཀྱི་དོན་ཚན་ལ་འགྲེལ་བཤད་བྱས་ཏེ། ཁྲིམས་སྐྱོང་གི་སྙིང་སྟོབས་དེ་མི་རྣམས་ཀྱི་སེམས་སུ་འཇགས་པར་བྱས།