ཀྲུང་གོའི་ཕྱོགས་ཀྱིས་ཧེ་ཏིའི་ཆབ་སྲིད་འཕེལ་རིམ་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བའི་འབོད་སྐུལ་བྱས།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་ཚེས19ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཧེ་ཏིའི་གནད་དོན་སྤྱི་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། ཧེ་ཏིའི་ཆབ་སྲིད་འཕེལ་རིམ་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས།
ཧྥུའུ་ཚུང་གིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་ཧེ་ཏིའི་ཆབ་སྲིད་བར་བརྒལ་གྱི་འཕེལ་རིམ་དལ་བ་དང་། འདེམས་བསྐོའི་ཉིན་རེའི་ལས་རིམ་ཕྱིར་འགྱངས་ཡང་ཡང་བྱས་པས། ཧེ་ཏི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ལ་གཡོ་འགུལ་ཚབས་ཆེན་ཐེབས་པ་རེད། ཧེ་ཏིའི་དབང་འཛིན་ལས་ཁུངས་དང་ཏང་ཁག་སོ་སོས་ངེས་པར་དུ་ཆབ་སྲིད་ཀྱི་འདོད་བློ་མངོན་དགོས་པ་དང་། སྒེར་གྱི་ཁེ་ཕན་དོར་ནས་ཆབ་སྲིད་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་། ཧེ་ཏིའི་དབང་འཛིན་ལས་ཁུངས་ཀྱིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་དང་། རུལ་སུངས་ལ་རྡུང་རྡེག ཁྲིམས་སྐྱོང་སླར་གསོ་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་གོ་ཆོད་པའི་དམིགས་འབེན་ཁ་གསལ་བཟོ་བ་དང་། དངོས་གནས་དྲང་གནས་ཀྱི་བྱེད་ཐབས་སྤྱད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་གྲུབ་འབྲས་བྱེ་བྲག་པ་མཐོང་དུ་འཇུག་དགོས།
ཧྥུའུ་ཚུང་གིས་བསྟན་དོན། ཧེ་ཏིའི་དྲག་ཤུགས་ཉེས་སྤྱོད་ཀྱི་མནར་གཅོད་སྔར་བཞིན་ཡོད་ལ། ཕྱོགས་ཁག་གི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྐྱར་སྒྲིག་དང་རྒྱ་སྐྱེད་གཏོང་བཞིན་ཡོད་པ་དང་། ནག་ཚོགས་ཀྱི་དྲག་ཤུགས་དང་དེ་བཞིན་བདེ་འཇགས་འགུལ་སྐྱོད་ཀྱིས་བཟོས་པའི་མང་ཚོགས་ཤི་རྨས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བ་བཅས་ཀྱིས་མི་རྣམས་ལ་སེམས་ཁྲལ་ཆེན་པོ་བྱེད་དུ་བཅུག རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ཆེས་མཇུག་མཐའི་དམིགས་ཡུལ་ནི་ཧེ་ཏིས་རང་སྟོབས་ཀྱིས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཧེ་ཏིའི་དབང་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་གོ་ཆོད་པའི་བདེ་འཇགས་ཀྱི་འཐབ་ཇུས་གཏན་འབེབས་དང་དོན་འཁྱོལ་བྱས་ཏེ། ཧེ་ཏིའི་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་དགོས། ཁྲིམས་འགལ་གྱི་མཚོན་ཆ་མུ་མཐུད་དུ་ནང་འདྲེན་བྱེད་པ་ནི་ཧེ་ཏིའི་ནག་ཚོགས་ཀྱི་དྲག་ཤུགས་ཇེ་དྲག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། ཧེ་ཏིའི་མང་ཚོགས་དང་རྒྱལ་སྤྱིའི་དམག་དཔུང་གི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་པ་རེད། ཀྲུང་གོའི་ཕྱོགས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧེ་ཏིའི་བཀག་སྡོམ་དབང་བསྐུར་དུས་འགྱངས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱས་ཏེ། ཁོངས་ཞུགས་རྒྱལ་ཁབ་སྤྱི་དང་། ལྷག་པར་དུ་ཧེ་ཏིའི་ཁྲིམས་འགལ་མཚོན་ཆ་དང་རྫས་མདེལ་གྱི་འབྱུང་ཁུངས་རྒྱལ་ཁབ་ཀྱིས་གྲོས་ཆོད་ཀྱི་འོས་འགན་ལག་བསྟར་ཏན་ཏིག་བྱེད་དགོས་པ་དང་། འཕྲལ་མར་འཕྲལ་ཐག་ཆོད་པའི་འགུལ་སྐྱོད་སྤེལ་ནས། མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་བྱེད་པར་ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ། ནག་ཚོགས་ཀྱི་མཚོན་ཆ་དང་རྫས་མདེལ་གྱི་འབྱུང་ཁུངས་གཅོད་དགོས།
ཧྥུའུ་ཚུང་གིས་བཤད་རྒྱུར། དམངས་འཚོའི་དཀའ་ངལ་ནི་དྲག་ཤུགས་འབྱུང་འཕེལ་གྱི་འབྱུང་གནས་རེད། དམངས་འཚོ་ལེགས་བཅོས་བྱ་རྒྱུ་ནི་འཕྲལ་དུ་བསྒྲུབ་དགོས་པའི་ལས་ཀ་ཞིག་ཡིན་ལ། རྩ་བཅོས་ཀྱི་ཐབས་ཇུས་ཤིག་ཀྱང་ཡིན། ཧེ་ཏིའི་དབང་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་དམངས་འཚོར་མ་དངུལ་འཇོག་གྲངས་ཇེ་མང་དུ་གཏོང་དགོས་ཤིང་། ཁྱབ་ཁོངས་ཁག་གི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ནས། སློབ་གསོ་དང་ལས་ཞུགས། སྨན་བཅོས་སོགས་རྨང་གཞིའི་དགོས་མཁོ་ལ་འགན་སྲུང་བྱེད་དགོས་པ་དང་། འབྱུང་རྩ་ནས་ཕྱོགས་ཁག་བསྡུ་རུབ་ཇེ་ཉུང་དུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་དགོས། ཀྲུང་གོའི་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་རོགས་ཟླ་བཅས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཧེ་ཏིའི་མང་ཚོགས་དཀའ་གནད་ལས་སྒྲོལ་བར་རོགས་རམ་བྱ་རྒྱུ་ཡིན།
ཧྥུའུ་ཚུང་གིས་བཤད་རྒྱུར། ཧེ་ཏིའི་གནད་དོན་ཐག་གཅོད་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས་ཤིང་། ལྷག་པར་དུ་ཁ་ཕྱོགས་ཡང་དག་འཚོལ་བ་དང་། དམིགས་འབེན་ཁ་གསལ་བཟོ་བ། འགུལ་སྐྱོད་སྤེལ་བ་བཅས་བྱེད་དགོས། གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ཐོག་མཐའ་བར་གསུམ་དུ་ཧེ་ཏི་མི་དམངས་ཀྱི་ལག་ཏུ་བཟུང་ཡོད། ཀྲུང་གོའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མུ་མཐུད་དུ་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་ཧེ་ཏི་ཉམས་ཉེན་ལས་སྔ་ཙམ་ཐར་བར་རོགས་རམ་བྱས་ཏེ། ནམ་ཡང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་མངོན་འགྱུར་ཡོང་བའི་རེ་བ་ཡོད།