གཙོ་གནད། 详情

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་འཁོར70ལོན་པར་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་འཁོར70ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཤིས་འཕྲིན་ཁྲོད་བསྟན་དོན། ལོ་ངོ70ཡི་རིང་ལ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས"སློབ་གླིང་ནི་སྤྱི་ཚོགས་རིང་ལུགས་ལ་དབང་བ་ཡིན"ཞེས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་སེམས་པ་གཅིག་མཐུན་གྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཏང་ཕྱིའི་འཐུས་སྣ་འབོར་ཆེན་གསོ་སྐྱོང་བྱས་པ་དེས། རྒྱལ་གཅེས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མགོ་རྩོམ་ས་གསར་པའི་སྟེང་། ཁྱེད་ཅག་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སློབ་གཉེར་གྱི་ཁ་ཕྱོགས་ཡང་དག་པ་དམ་འཛིན་ལྷོད་མེད་བྱེད་པ་དང་། ཆབ་སྲིད་གསོ་སྦྱོང་རྒྱུན་མཐུད་ངང་ཤུགས་སྣོན་པ། ཆབ་སྲིད་ངོས་འཛིན་རྒྱ་ཁྱབ་ཏུ་བསྡུ་ལེན་བཅས་བྱས་ནས། སློབ་ཁྲིད་ཞིབ་འཇུག་དང་སློབ་གྲྭ་སྐྱོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། གཅིག་གྱུར་འཐབ་ཕྱོགས་ཁྲོད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་རིགས་གཞུང་ཞིབ་འཇུག སྲིད་ཇུས་བྱེད་ཕྱོགས་དྲིལ་སྒྲོག་སོགས་ཀྱི་ཐད་ནུས་པ་སྔར་ལས་ཆེན་པོ་བཏོན་ནས། ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས།

ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས20ཉིན་པེ་ཅིན་དུ་འཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་ཤིས་འཕྲིན་བསྒྲགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་འཁོར70ལོན་པར་ཤིས་འཕྲིན་གལ་ཆེན་བསྐུར་བ་དེས། ལོ་ངོ70ཡི་རིང་ལ་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་བླངས་པའི་གྲུབ་འབྲས་དང་བྱས་རྗེས་ལ་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་སློབ་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནུས་པ་འདོན་སྤེལ་ཡག་པོ་བྱེད་སྟངས་དང་བླང་བྱ་ལ་གསལ་བཤད་ལེགས་པོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གཅིག་གྱུར་འཐབ་ཕྱོགས་དང་ཏང་མང་མཉམ་ལས་བྱེད་པའི་བྱ་གཞག་ལ་མཐོང་ཆེན་གནང་བ་དང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཞིང་། སྤྱི་ཚོགས་རིང་ལུགས་སློབ་གླིང་གི་བྱ་བ་ལེགས་པོར་སྒྲུབ་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པས། ང་ཚོས་སློབ་སྦྱོང་ནན་ཏན་བྱས་ཏེ་ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ལོ་ངོ70ཡི་རིང་ལ། ཀྲུང་གུང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་གནང་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་གཅིག་གྱུར་འཐབ་ཕྱོགས་དང་ཏང་མང་མཉམ་ལས་བྱ་གཞག་ཡུན་རིང་གོང་འཕེལ་འབྱུང་བར་དམིགས་ཏེ། གཅིག་གྱུར་འཐབ་ཕྱོགས་ཀྱི་ཤེས་ལྡན་པའི་སློབ་གསོ་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ཇེ་ལེགས་སུ་གཏོང་བའི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་མཛད་པ་དེས། སྤྱི་ཚོགས་རིང་ལུགས་སློབ་གླིང་དེ་དུས་རབས་གསར་པར་ཡར་རྒྱས་གསར་པ་འབྱུང་བར་སྣེ་ཁྲིད་དང་སྐུལ་འདེད་ནུས་ལྡན་བཏང་ཡོད། སྐྱོད་ལམ་གསར་པའི་སྟེང་དུ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་གྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་གཅིག་གྱུར་འཐབ་ཕྱོགས་ལས་དོན་ཡག་པོར་བསྒྲུབ་པའི་སྐོར་གྱི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། "སློབ་གླིང་ནི་སྤྱི་ཚོགས་རིང་ལུགས་ལ་དབང་བ་ཡིན"ཞེས་པ་ལྟར་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྟན་སྲུང་ནན་མོ་བྱེད་པ། སློབ་མ་རྣམས་ཀྱིས"གཏན་འཁེལ་གཉིས"ཀྱི་དོན་སྙིང་གལ་ཆེན་གོ་བ་ལེན་པ་དང"སྲུང་སྐྱོང་གཉིས"སྒྲུབ་ཐུབ་པར་བྱེད་དགོས། ཆབ་སྲིད་མོས་མཐུན་སློབ་གསོར་བརྟེན་ནས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་སྟོབས་ལྡན་དུ་བསྒྱུར་བ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་ཆབ་སྲིད་ངོས་འཛིན་རྒྱ་ཁྱབ་ཏུ་བསྡུ་བ་བཅས་བྱེད་དགོས། སློབ་གཉེར་སྤུས་ཚད་མཐོར་འདེགས་གཏོང་བར་འབད་བརྩོན་བྱས་ཏེ། སྔར་ལས་ཕན་ནུས་ལྡན་པར་བརྟེན་ནས་གཅིག་གྱུར་འཐབ་ཕྱོགས་ཀྱི་ཤེས་ལྡན་པའི་སློབ་གསོ་དང་གསོ་སྐྱོང་བྱེད་པར་རོགས་རམ་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་སློབ་གླིང་ནན་མོར་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། སློབ་གླིང་དོ་དམ་ནན་མོ་དང་དགེ་རྒན་གཅུན་སྡོམ་ནན་མོ། སློབ་མ་བསླབ་འདོམས་ནན་མོ་བཅས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཚོགས་འདུར་མགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཞོན་པའམ་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་གཙོ་ཝུའུ་ཝེ་ཧྭ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཞོན་པའམ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི་རྣམ་གཉིས་ཀྱིས་སོ་སོ་ནས་ཤིས་ཚིག་ཕུལ།

དམངས་གཙོའི་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འགན་འཁུར་པ་གཙོ་བོ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་མ་དང་དགེ་རྒན། ལས་བཟོ་པའི་འཐུས་མི་སོགས་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་པ་རེད། །

热门新闻

热门图库

热门排行