གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས་མཐོ་སྒང་གི་བདེ་ཐང་ལ་འགན་ལེན་གང་ལེགས་བྱས་ཡོད།

རང་ཚགས་པར་གྱི་འཕྲིན། ད་ལོ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱ་རྒྱུ་གཞིར་བཟུང་སྟེ། སྤྱི་ཚོགས་ལས་དོན་པུའུ་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་གི་སྟོབས་ཤུགས་གཅིག་བསྡུ་བྱས་ནས། སྡེ་བ(སྡེ་ཁུལ)ཡི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། མིག་སྔར། ཁུལ་ཡོངས་ཀྱི་སྡེ་བ(སྡེ་ཁུལ)ཡི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད་པ་དང་། ཞབས་ཞུའི་ཁྱབ་ཁོངས་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང41དང་། སྡེ་བའི་འཕྲོད་བསྟེན་ཁང441བཅས་ལ་ཁྱབ་ཡོད་དེ། རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་གསབ་ནས། བདེ་ཐང་ཞབས་ཞུ་ཐད་ཀར་མང་ཚོགས་ཀྱི་གམ་དུ་བསྐྱལ་ཡོད།

མཚོ་ལྷོ་ཁུལ་གྱིས་སྡེ་བ(སྡེ་ཁུལ)ཡི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་ཁྲོད་མཉམ་འདྲེས་ཡོང་བར་བྱས་ཏེ། གོང་འོག་མཉམ་འགུལ་དང་ཁྱོན་ཡོངས་ལ་ཁྱབ་པའི་གཞི་རིམ་གྱི་བདེ་ཐང་ཞབས་ཞུའི་མ་ལག་བསྐྲུན་པ་དང་། སྡེ་བའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་དང་། དྲ་མིག་པ། ཤང་སྡེའི་སྨན་པ། རོང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་ཀྱི་ཁྲོད་ནས་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན1200ལྷག་བདམས་ཐོན་བྱུང་བར་མ་ཟད། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་སྡེ་ཚོགས་ཀྱི་དང་བླངས་པ800ལྷག་བདེ་ཐང་ཞབས་ཞུའི་དཔུང་ཁག་གི་ནང་བསྡུ་ལེན་བྱས། ས་གནས་དེས་ད་དུང་དཔེ་སྟོན་ས་ཚིགས་བཙུགས་ཤིང་། ཡུལ་དངོས་སུ་ལྟ་སྐོར་དང་ལག་ལེན་དངོས་སྦྱོང་གསོ་སྦྱོང་བྱ་འགུལ་སྤེལ་ནས། གཞི་རིམ་ལས་བྱེད་མི་སྣའི་ལས་སྒོའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། སྨན་བཅོས་ལས་ཁུངས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་མང་ཚོགས་མཉམ་དུ་ཞུགས་པའི་གཞི་རིམ་གྱི་བདེ་ཐང་བཅོས་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོས་མང་ཚོགས་ཀྱི་བདེ་ཐང་སྲུང་བར་མ་ཟད། སྲིད་ཇུས་ཁྱབ་གདལ་དང་། རིམས་ནད་སྔོན་འགོག་ཚོད་འཛིན། དམངས་འཚོའི་འབྲེལ་མཐུད། ཁོར་ཡུག་བཅོས་སྐྱོང་སོགས་ལས་འགན་ཡང་འཁུར་ཡོད་ལ། ཁོ་ཚོ་རོང་འབྲོག་ས་ཁུལ་དུ་སོང་ནས་བདེ་ཐང་དྲིལ་སྒྲོག་ཐེངས་ཁྲི2.8ལྷག་བྱས་ཏེ། མང་ཚོགས་ཁྲི3.2ལྷག་ལ་ཕན་པ་བསྐྲུན་ཡོད་པ་དང་། དྲ་ལམ་དུ་འཕྲོད་བསྟེན་ཚན་རིག་གི་ཆ་འཕྲིན4200ལྷག་ཁྱབ་སྤེལ་བྱས། ཐུམ་འབུའི་ནད་དང་ས་ནད། ཆམ་ནད་སོགས་འགོས་ནད་ཀྱི་བྱུར་རྐྱེན་ལ་དུས་རྒྱུན་དུ་ཞིབ་བཤེར་བྱས་ཏེ། ཁྱི་ཁྲི19.6གི་ལུས་སྟེང་གི་ནད་འབུ་མེད་པར་བཏང་བ་དང་ཁྱིམ་ཚང་རེ་རེའི་ལོ་ཚོད་རན་པའི་བྱིས་པ་ཁྲི1.1ལྷག་ལ་དུས་ཐོག་ཏུ་འགོག་ཁབ་བརྒྱབ། དུས་མཚུངས་སུ་སྡེ་ཁག་མང་པོ་དང་མཉམ་འབྲེལ་སྒོས་བུད་མེད་ཀྱི་སྐྲན་ནད་གཉིས་ལ་བརྟག་དཔྱད་བྱེད་པ་དང་སློབ་རའི་བདེ་ཐང་འགན་སྲུང་། རྒན་པར་ཐུགས་ཁུར་བྱེད་པ་སོགས་ཀྱི་ཆེད་དོན་བྱ་འགུལ་ཐེངས180ལྷག་ཙམ་སྤེལ་བ་མ་ཟད། སྡེ་བར་གཙང་སྦྲ་དང་སྒོ་རའི་ཁོར་ཡུག་བཅོས་སྐྱོང་སོགས་རྒྱལ་གཅེས་གཙང་སྦྲའི་བྱ་འགུལ་ཐེངས1600ལྷག་ཙམ་རྩ་འཛུགས་བྱས།

    གཞི་རིམ་གྱི་སྤྱི་བའི་འཕྲོད་བསྟེན་མཉམ་འགུལ་ལམ་ལུགས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་རྒན་པ་དང་བྱིས་པ། གཅོང་ནད་ཕོག་པའི་ནད་པ་བཅས་འདུས་པའི་གཙོ་གནད་མི་ཚོགས་རིགས་དྲུག་གི་འགུལ་རྣམ་རྩིས་ཐོ་བསྡོམས་པས་ཁྲི4.3ལྷག་ཙམ་བཟོས་པ་དང་། སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཁྱིམ་ཚང་སྨན་པར་རམ་འདེགས་བྱས་ཏེ་གཅོང་ནད་ཕོག་པའི་ནད་པ་ཁྲི9.5དང་རྒན་པ་ཁྲི3.9ཡི་ལུས་ཕུང་ལ་བརྟག་དཔྱད་བྱས་ཤིང་། འགྲོ་སྐྱོད་སྟབས་མི་བདེ་བའི་དམིགས་བསལ་མི་སྣ7800ལ་སྒོ་ཁའི་ཞབས་ཞུ་བསྒྲུབས། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ཁྲག་ཤེད་མཐོ་བའི་ནད་པ་དང་གཅིན་པ་མངར་འགྱུར་གྱི་ནད་པ་ཚད་ལྡན་གྱིས་དོ་དམ་བྱེད་ཚད་སོ་སོ77.69%དང76.41%ལ་སླེབས་ནས། མཐོ་སྒང་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་སོང་ཡོད་པ་རེད།།


热门新闻

热门图库

热门排行