གནད་བསྡུས། 详情

རྩྭ་ཕྱུགས་ཀྱི་རྩིས་ལེགས་པོར་བརྒྱབ་ནས་སྐྱེ་ཁམས་ཀྱི་འཆར་གཞི་བཀོད་པ།

སྟོན་མགོར། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་མུ་མཐའ་བྲལ་བའི་རྩྭ་ཐང་དུ“ནམ་མཁའ་གཡའ་དག་ལ་རྩྭ་ཐང་སྔོ་ལྗང་ངེར་གནས་པ་དང་། ནོར་ལུག་ལ་ཤ་ཤེད་རྒྱས་པ། མང་ཚོགས་ཕྱུག་པོར་གྱུར་པའི”སྐྱེ་ཁམས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཆུ་ནག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཆེན་རྩྭ་སའི་སྟེང་འགྲེངས་ནས་མིག་གིས་རྒྱང་རིང་གི་ཤ་ཤེད་རྒྱས་ཡོད་པའི་ནོར་ལུག་ལ་ལྟ་བཞིན་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས།

ཡིན་ནའང་ཁོས2015ལོའི་སྔ་གཞུག་གི་གནས་ཚུལ་དག་དྲན་དུས་དཔལ་ཆེན་གྱི་སེམས་སུ་སྨྲེང་བས་ཁེངས། “སྐབས་དེར། སྡེ་བ་གང་པོའི་འབྲོག་ལུག་ཁྲི8ལས་བརྒལ་བས། རྩྭ་ས་ཞན་འགྱུར་ཚབས་ཆེན་བྱུང་བ་དང་། ནོར་ལུག་ལ་ཤ་ཤེད་རྒྱས་དཀའ་བས་རིན་གོང་མཐོན་པོར་འཚོང་མི་ཐུབ།”

图片

བསྒྱུར་བཅོས་མ་བྱས་ན་རྩྭ་ཐང་བརླག་འགྲོ་ལ། ནོར་ལུག་མེད་ཚེ་འབྲོག་པ་མང་ཚོགས་ཀྱིས་འཚོ་བ་ཇི་ལྟར་རོལ།

2016ལོ་ནས་བཟུང་། ཆུ་ནག་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མང་ཚོགས་ལ་སྣེ་དྲངས་ཏེ་ཚན་རིག་དང་མཐུན་པའི་ཕྱུགས་ཀྱི་ཐེག་ཚད་ལྟར་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱས། ཕྱུགས་ཟོག་ཁྲི8ལྷག་གསོས་ཡོད་པ་དེ་ཁྲི2ལྷག་ཏུ་ཇེ་ཉུང་བཏང་བས། འབྲོག་པ་མི་ཉུང་བ་ཞིག་དེར་སེམས་ཚེགས་ཆེན་པོ་སྐྱེས་མོད།  འོན་ཀྱང་རྩྭ་ས་སླར་གསོ་བྱུང་སྟེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། སྟོན་ཁར་ལུག་ཁྱུར་ཤ་ཤེད་རྒྱས་ལ། ལུ་གུའི་རིན་གོང་སྔོན་ཆད་ཀྱི་སྒོར200ཡས་མས་ནས་སྒོར500ཡས་མས་སུ་འཕར།

ཕྱུགས་ཟོག་ཉུང་འཕྲི་ནི་དམིགས་འབེན་མིན་ལ་ཡོང་སྒོ་འཕར་དུ་འཇུག་པ་ནི་ད་གཟོད་རྩ་བ་ཡིན། ལ་ཟེ་བ་གྲོང་རྡལ་གྱིས་ཕྱུགས་འཕྲི་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་དེ“སྡེ་སྲོལ་དམངས་ཆིངས”ནང་བཞག་པ་དང་། “མིང་བྱང་དམར་ནག་གི་བསགས་སྐར་ལམ་ལུགས”ལ་བརྟེན་ནས་མང་ཚོགས་ཀྱིས་རང་འགུལ་ངང་ཕྱུགས་ཟོག་ཉུང་འཕྲི་དང་རྩྭ་ཐང་གི་ཨ་བྲ་མེད་པར་གཏོང་བ། རེ་ལྕག་པ་འགོག་བཅོས་སོགས་ཀྱི་འགུལ་སྐྱོད་སྤེལ་བར་སྣེ་འདྲེན་བྱས། 2026ལོར། ལ་ཟེ་བ་གྲོང་རྡལ་གྱི་ཕྱུགས་འགོག་རྒྱ་ཁྱོན་སྤྱི་ཆིང་ཁྲི3.77ལ་སླེབས་པ་དང་། ཕྱུགས་འགོག་དུས་ཡུན་ལོ་ངོ5ལ་བསྲིངས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ཡོལ་ཉིན་རེ་བཞིན་ཇེ་བརྟན་དུ་སོང་།

མཚོ་འཕགས་ལ་སྨི3000ཡོད་པའི་གཡག་ལུང་སྡེ་བ་རུ་གཟན་རྩྭ་སྣ་གཅིག་ཡིན་ལ་སྐྱེས་ཚད་ཉུང་། ལ་ཟེ་བ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་རང་འགུལ་གྱིས་ཁག་ཁུར་དང་དུ་བླངས་ནས། རོགས་སྐྱོར་ལས་ཁུངས་དང་མཚོ་སྔོན་སློབ་ཆེན་གྱི་ཆེད་མཁས་དཔུང་ཁག་དང་མཉམ་དུ་བརྟག་དཔྱད་ཞིབ་མོ་བྱས་ཤིང་གནད་ཁེལ་ཇུས་བསྟར་བྱས་ནས་གྲང་འཁྱགས་ཐུབ་པའི་ཡུག་པོའི་ས་བོན་བདམས་ནས་བཏབ་པ་དང་། འཕྲུལ་ཆས་ཀྱིས་བྲེགས་སྟེ། ཁྱོན་ཡོངས་ནས་ཚན་ཞིབ་ཀྱི་གྲུབ་འབྲས་དངོས་འབེབས་ཚུལ་བསྒྱུར་ལ་སྐུལ་འདེད་བཏང་། 2025ལོར། གཡག་ལུང་སྡེ་བས་ཡུག་པོ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང26.67ལ་རྒྱ་བསྐྱེད་པ་དང་། མུའུ་རེའི་ཐོན་ཚད་སྤྱི་རྒྱ100རེ་འཕར། “ཆེད་མཁས་པས་མཛུབ་སྟོན་བྱས་པ་དང་ས་བོན་བཟང་པོ་བཏབ་པས། ནོར་ལུག་ལ་ཡུན་རིང་དུ་ཤ་ཤེས་རྒྱས་པ་དང་། ཡོང་སྒོའང་ཇེ་མང་དུ་འགྲོ་ཁོ་ཐག་རེད”ཅེས་སྡེ་མི་སྐལ་བཟང་རྡོ་རྗེ་དགའ་ནས་དེ་ལྟར་བཤད།

ཁྱབ་ཁོངས་སྔར་བས་ཆེན་པོའི་ནང་ལ་ཟེ་བ་གྲོང་རྡལ་གྱིས“ཡུག་པོས་ཕྱུགས་ཟོག་འཚོ་བར་ཕན་བཏེགས་ཤིང་ཕྱུགས་ཟོག་གིས་ཡུག་པོ་འདེབས་པར་སྐུལ་བ”ཡི་འདེབས་གསོ་ཟུང་འབྲེལ་གྱི་འཁོར་རྒྱུག་འཕེལ་སྟངས་འཚོལ་ཞིབ་བྱས་པ་དང་། གཟན་རྩྭ་འདེབས་པ་དང་རྒྱུད་བཟང་གསོ་སྤེལ། གསོ་སྤེལ་ཚད་ལྡན། སྐྱེ་ལྡན་ལུད་འཇོག་པ་ཡི་མཚམས་མེད་རྣམ་པའི་སྦྲེལ་ཐག་ཅིག་ཆགས་སུ་བཅུག  མཚོ་སྔོན་སྤང་ཐང་ར་བའི་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སི་ཡིས་སྐྱེ་ལྡན་ལུད་ཐོན་སྐྱེད་བྱེད་ས་བཙུགས་ཏེ། ཨོང་བ་ཚོང་རྫས་ལུད་དུ་ལས་སྣོན་བྱས་པར་མ་ཟད། ཚན་རིག་གི་འདེགས་སྐྱོར་ལ་བརྟེན་ནས་ཞིང་ཕྱུགས་ལས་དེ་རགས་ལས་ཅན་ནས་གནད་འཁེལ་ཕན་འཕར་གྱི་ཕྱོགས་སུ་བསྒྱུར།

སྐྱེ་ཁམས་བསྟུད་མར་ལེགས་འགྱུར་བྱུང་བའི“ལྗང་མདོག་ཁེ་སྤོགས”ཀྱིས་རོང་འབྲོག་མང་ཚོགས་ལ་ཕན་ཐོགས་ཚད་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལ་ཟེ་བ་གྲོང་རྡལ་ཆུ་ནག་སྦལ་ཁ་རྩྭ་ཐང་ཆེན་མོ་རུ་ཀྲུང་ཧྭ་ཁོར་སྲུང་ཐེབས་རྩྭས“ཁ་བཏགས་སྔོན་པོ”འགུལ་སྐྱོད་སྤེལ་ནས། སྔ་གཞུག་ཏུ་རྩྭ་ས་སྤྱི་ཆིང233.33སྟེང་སྐྱེ་ཁམས་གཟན་རྩྭ་བཏབ། དེའི་སྟེང་དུ་ནོར་ལུག་བག་ཡངས་སུ་རྒྱུ་ཞིང་འབྲོག་པས་འུར་ཆ་གཡུག་པའི་སྒྲས་ཁྱབ་ཡོད་ལ། “ནོར་ལུག་རྩྭའི་ནང་ཡིབ་པའི”བརྗིད་ཆགས་མཛེས་སྡུག་གི་ཉམས་གང་སར་ཤར་བ་དང་། ཡུལ་སྐོར་དུ་ཡོང་མཁན་ཀྱང་ཇེ་མང་ནས་ཇེ་མང་རེད། སྣེའུ་སྣ་སྡེ་བའི་རྒྱལ་ལམG310པའི་འགྲམ་དུ་ཡུལ་སྐོར་པ་རིམ་གྱིས་ཇེ་མང་དུ་གྱུར་པ་དང་། ལམ་འགྲམ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ཉིན་རེར་ཇེ་བྲིན་དུ་གྱུར་ཡོད། རྩྭ་ཐང་དེ་ནི་འབྲོག་དམངས་ཀྱི“ཕོར་བ”ཡིན་པར་མ་ཟད། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གསེར་གྱི་ཟོང་རྟགས་སུའང་གྱུར་ཡོད།

རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་ཉིན་འགའ་ལ་སླར་གསོ་བྱེད་ཐུབ་པ་ཞིག་མིན་མོད། འོན་ཀྱང་ལ་ཟེ་བ་གྲོང་རྡལ་གྱི་ལག་ལེན་ལས་བདེན་དཔང་བྱེད་བཞིན་པ་ནི། རྩྭ་ཕྱུགས་ཀྱི་རྩིས་ལེགས་པོར་བརྒྱབ་ན་ད་གཟོད་ཕུགས་ཀྱི་རྩིས་ལེགས་པོར་རྒྱག་ཐུབ་ལ། ཕྱུགས་འཕྲིའི“འཕྲི་ཐབས”དེ་ཡོང་འཕར་གྱི“སྣོན་ཐབས”སུ་བསྒྱུར་ཐུབ་ཅིང་། སྐྱེ་ཁམས་ཀྱི་ལྗང་མདོག་དེ་འཕེལ་རྒྱས་ཀྱི་མཐིལ་མདོག་ཏུའང་བསྒྱུར་ཐུབ། ཆུ་དྭངས་རི་སྔོ་དང་གསེར་རི་དངུལ་རིའི་བར་གྱི་ཚུལ་བསྒྱུར་བགྲོད་ལམ་དེ་རྨ་ཆུ་གྲོག་རོང་འདི་ཉིད་དུ་ཉིན་རེར་རྒྱ་ཆེར་སྲིང་བཞིན་ཡོད།

ཟླ9པའི་ཚེས1ཉིན་ནས་བཟུང་།《མཚོ་སྔོན་ཞིང་ཆེན་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་བདག་གཉེར་བྱེད་ཐབས》དངོས་སུ་ལག་བསྟར་བྱས། “རྩྭ་ས་ལེགས་པོར་སྲུང་བ་དང་། ནོར་ལུག་ལེགས་པོར་འཚོ་བ། འཚོ་བ་སྐྱིད་པོར་རོལ་བ”ཞེས་པའི་བབ་ཆགས་ཀྱི་ཚིག་དེ་ལ་ཟེ་བ་གྲོང་རྡལ་གྱི་འབྲོག་པའི་ལུག་ར་རེ་རེ་དང་རྩྭ་ཐང་། རྩིས་ཐོ་ནང་དུ་འབྲི་བཞིན་ཡོད། །

热门新闻

热门图库

热门排行