གནད་བསྡུས། 详情

ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་འཚོགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨུ་རུ་སུའི་མི་ཆོས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་དེ་ཚེས19ཉིན་ཧྲེང་པི་ཏེ་པའོ་རུ་འཚོགས་པ་རེད། རྒྱལ་དོན་ཨུ་ཡོན་ཧྲིན་དབྱི་ཆིང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་གོ་ལི་ཁོ་ཝ་དང་མཉམ་དུ་མགོ་འཛིན་གནང་།

ཧྲིན་དབྱི་ཆིང་གིས་བསྟན་དོན། ད་ལོའི་ཟླ5པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་གཉིས་ཀྱིས་མཉམ་དུ"ཀྲུང་ཨུའི་སློབ་གསོའི་ལོ་ཡི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། དེས་ཕྱོགས་གཉིས་ཀྱིས་ཀྲུང་ཨུའི་མི་ཆོས་མཉམ་ལས་ལ་མཐོང་ཆེན་པོ་གནང་བ་གང་ལེགས་སྒོས་མཚོན་ཡོད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་པའི་འཐབ་ཇུས་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱིས་མི་ཆོས་སྤེལ་རེས་ནང་དོན་རྒྱ་སྐྱེད་པ་དང་། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཁྱད་ཆོས་སྔོག་འདོན་བྱེད་པ་བཅས་བྱས་ནས་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་ཡོད།

ཧྲིན་དབྱི་ཆིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཨུས་ཐབས་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་དང《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་འཁོར25ལོན་པའི་དུས་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་བར་བྱུང་བའི་ངོས་འཛིན་གཅིག་མཐུན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།"ཀྲུང་ཨུའི་སློབ་གསོའི་ལོའི"ལས་གཞི་གཙོ་བོ་སོ་སོ་ཏན་ཏིག་ངང་སྤེལ་བ་དང་། མི་ཆོས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། དུས་རབས་གསར་པའི་ནང་ཕྱོགས་ཡོངས་ནས་འཐབ་ཇུས་མཐུན་སྦྱོར་གྱི་འབྲེལ་བར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་འབུལ་དགོས།

གོ་ལི་ཁོ་ཝས་ཨུ་རུ་སུ་དང་ཀྲུང་གོ་བར་གྱི་མི་ཆོས་སྤེལ་རེས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་གདེང་འཇོག་ཆེན་པོ་གནང་བ་མ་ཟད། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་མུ་མཐུད་ཁྱབ་ཁོངས་རྒྱ་ཆེ་སར་དངོས་ཕན་ལྡན་པའི་མཉམ་ལས་སྤེལ་རྒྱུ་དང་། ཨུ་རུ་སུ་དང་ཀྲུང་གོ་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་འདོད་ཡོད་པར་བསྟན།

ཚོགས་འདུའི་སྐབས་སུ། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་ཆབས་ཅིག་གསར་འགོད་པ་རྣམས་ལའང་ཐུག་འཕྲད་གནང་བ་རེད། །

热门新闻

热门图库

热门排行