གཙོ་གནད་ལས་འགན་ཆེན་པོ་དགུས་མཐོ་སྒང་གི་མཁར་གྲོང་འཛུགས་སྐྲུན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ལས་དོན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ་ཡིན)གཞིར་བཟུང་ནས། 2030ལོར་སླེབས་དུས། མཚོ་སྔོན་གྱིས་ཁྱོན་ཡོངས་ནས་མ་ལག་ཅན་གྱི་འཛུགས་སྐྲུན་དང་ལས་ཕྱོད་མཐོ་བའི་འཁོར་སྐྱོད། གྲངས་འཛིན་ཅན་གྱི་མཐུན་སྦྱོར། ཚེ་སྲོག་འཁོར་ཡུན་གྱི་དོ་དམ་བཅས་ཀྱི་མཁར་གྲོང་འཛུགས་སྐྲུན་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་བསྐྲུན་རྒྱུ་རེད། དུས་མཚུངས་སུ། གཙོ་གནད་ལས་འགན་ཆེན་པོ་དགུ་བཀོད་སྒྲིག་བྱས་ནས། མཐོ་སྒང་གི་གནས་སྡོད་ལ་འཚམ་པའི་མཁར་གྲོང་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྤུས་མཐོ་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱ་རྒྱུ་རེད།
ཐེངས་འདིར་ཡོངས་བསྒྲགས་བྱས་པའི་གཙོ་གནད་ལས་འགན་ཆེན་པོ་དགུའི་ནང་ལྗང་མདོག་ཐཱན་ཉུང་གི་མཁར་གྲོང་འཛུགས་སྐྲུན་བྱེད་པ་དང་གྲོང་ཁྱེར་གསར་བསྒྱུར་གྱི་བྱ་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྡོད་ཁང་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། རྣམ་པ་གསར་བའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། འཆམ་མཐུན་མཛེས་སྡུག་ལྡན་ཞིང་གནས་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། ལོ་རྒྱུས་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་བྱེད་པ། གྲོང་ཁྱེར་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་སུ་གཏོང་བ། བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་བཅས་འདུས་ཡོད། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱ་བས་མཁར་གྲོང་གི་སྤུས་མཐོའི་འཕེལ་རྒྱས་ཀྱི་གཙོ་གནད་ལ་གཞིགས་ནས།གྲོང་ཁྱེར་གསར་བསྒྱུར་དང་རྣམ་པ་གསར་པའི་གྲོང་བརྡལ་ཅན་གྱི་འགུལ་སྐྱོད་ཆེན་མོ་གཉིས་གཅིག་གྱུར་ལག་བསྟར་བྱས་ཏེ།གཙོ་གནད་ལས་འགན་ཆེན་མོ་དགུ་ལ་སྐུལ་འདེད་སྒོས། 2030ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་པའི་མཐོ་སྒང་གི་གྲོང་གསེབ་འཕེལ་རྒྱས་ཀྱི་མ་ལག་ཅིག་གཞི་རྩའི་ཆ་ནས་བསྐྲུན་པར་བརྩོན་ལེན་བྱས་ནས། སྡོད་གནས་བདེ་ཞིང་སྐྱིད་པ་དང་གྲོང་ཁྱེར་ལ་གསོན་ཤུགས་ལྡན་པ། གྲོང་གསེབ་ལ་ཁྱད་ཆོས་ལྡན་པ་བཅས་ཀྱི་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།