རང་ཁུལ་གྱིས་སྐབས་བཞི་པའི་དབང་བོ་སྐྱོན་ཅན་གྱི་ནུས་རྩལ་འགྲན་བསྡུར་སྤེལ་བ།
རང་ཚགས་པར་གྱི་འཕྲིན། ཟླ10པའི་ཚེས16ཉིན2026ལོའི་མཚོ་ལྷོ་ཁུལ་གྱི་དབང་བོ་སྐྱོན་ཅན་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས་བཞི་པ་དང་ནུས་རྩལ་མངོན་པའི་འགྲན་བསྡུར་དེ་གུང་ཧོ་རྫོང་དུ་སྤེལ་ཞིང་། ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན48འགྲན་བསྡུར་ཁྲོད་ཞུགས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་དུས་རབས་ཀྱི་གཟི་ཉམས་མངོན་པར་བྱས།
ཐེངས་འདིའི་འགྲན་བསྡུར་ཆེན་མོ་དེ་མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་རྫོང་ཁག་གི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ལས་གཏོད་འཕེལ་རྒྱས་གསོ་སྦྱོང་འཕྲུལ་ཆས་ཚད་ཡོད་ཀུང་ཟིས་འགན་སྒྲུབ་བྱས། ནུས་རྩལ་ལ་བརྟེན་ནས་མི་ཚེ་ལ་འོད་སྣང་སྩོལ་བ་དང་རང་སྟོབས་ཆེར་བསྐྱེད་ཀྱིས་ཕུགས་འདུན་མངོན་འགྱུར་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བཟུང་ཡོད་པ་རེད། ཆ་འཕྲིན་འཕྲིན་གཏོང་དང་མཛེས་རྩལ། ལག་ཤེས་བཟོ་ལས། ཞབས་ཞུའི་རིགས་སོགས་རིགས་ཆེ་གྲས5ཡི་འགྲན་བསྡུར་རྣམ་གྲངས10བཀོད་སྒྲིག་བྱས་ཤིང་། དེའི་ནང་ཐད་གཏོང་ཕྱིར་འཚོང་དང་བརྙན་རིས་སྒྲིག་བཟོ། མཚོ་སྔོན་གྱི་འཚེམ་དྲུབ། དར་སྐུད་བཟོ་རྩལ། མེ་ཏོག་འཛུགས་པ། སེན་མོའི་མཛེས་བཟོ། འདོད་བྲིས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད། དུས་མཉམ་དུ་ནུས་རྩལ་མངོན་པའི་འགྲན་བསྡུར་སྤེལ་ཏེ་དབང་བོ་སྐྱོན་ཅན་གྱི་ལག་ཤེས་བཟོ་རྩལ་གྱི་གྲུབ་འབྲས་གཅིག་སྡུད་ཀྱིས་མངོན། འགྲན་བསྡུར་གྱི་ཡུལ་དངོས་སུ་འདུ་འཛི་ཆེ་བ་དང་འགྲན་ཞུགས་པ་ཚོས་བསམ་བློའི་སྙིང་སྟོབས་ཆེར་བསྐྱེད་ཀྱིས་འགྲན་བསྡུར་ལ་ཞུགས་པ་དང་། དྲ་ལམ་ཐད་གཏོང་གི་བརྙན་མིག་བརྒྱུད་ནས་རང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་དང་། མཚོ་སྔོན་གྱི་འཚེམ་དྲུབ་དང་དར་སྐུད་བཟོ་རྩལ་གྱི་འགྲན་རར་ཚང་མས་ཞིབ་ཚགས་ཀྱིས་འཚེམ་བཟོ་བྱེད་བཞིན་ཡོད་ལ། བརྙན་ཐུང་དང་བརྙན་ལེན་ཚོགས་པས་བརྙན་མིག་ལས་མི་སེམས་ལ་སྐུལ་ལྕག་ཐེབས་པའི་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། མེ་ཏོག་འཛུགས་པ། སེན་མོར་མཛེས་བཟོ་བྱེད་པ། བསླེས་འཐག་སོགས་ཀྱི་འགྲན་ཁུལ་དུ་འགྲན་ཞུགས་པ་རྣམས་ཀྱིས་གསར་རྩོམ་བྱེད་བཞིན་ཡོད། འདོད་བྲིས་འགྲན་ཁུལ་དུ་རིག་སྟོབས་ཞན་པའི་འགྲན་ཞུགས་པ་རྣམས་ཀྱིས་རང་རང་གི་འདོད་བློ་ལྟར་རི་མོ་སྣ་ཚོགས་འབྲི་བཞིན་ཡོད་ལ། གསར་རྩོམ་བརྩམས་ཆོས་དག་ལ་ཡུལ་དངོས་སུ་གདེངས་འཇོག་ཚད་མེད་ཐོབ་པ་དང་། ནུས་རྩལ་མངོན་ཁུལ་དུ་ལག་ཤེས་བཟོ་རྩལ་གྱི་བརྩམས་ཆོས་རེ་རེ་བཞིན་གཅིག་སྡུད་ཀྱིས་འགྲེམ་སྟོན་བྱས་པས། ཚང་མས་ཕན་ཚུན་ལ་སློབ་སྦྱོང་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཆེན་མོ་ལས་ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལས་རིགས་ནུས་རྩལ་གསོ་སྦྱོང་གི་ཕན་འབྲས་ལ་གཅིག་སྡུད་ཀྱིས་ཞིབ་བཤེར་བྱས་ཤིང་། དབང་བོ་སྐྱོན་ཅན་གྱིས་འཇོན་ནུས་མངོན་པ་དང་སློབ་སྦྱོང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཏེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་ཐུགས་ཁུར་བྱེད་པའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཡོད། མ་འོངས་པར་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ནུས་རྩལ་གསོ་སྦྱོང་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་བརྙན་ཐུང་། ཐད་གཏོང་སོགས་ཀྱི་ལས་རྣམ་གསར་པར་བརྟེན་ནས་ལས་གཏོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕུལ་བྱུང་འགྲན་ཞུགས་པ་རྣམས་མཐོ་རིམ་འགྲན་བསྡུར་ཁྲོད་ཞུགས་པར་འོས་སྦྱོར་བྱེད་པ། དེ་མིན་དབང་བོ་སྐྱོན་ཅན་གྱིས་ནུས་རྩལ་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་རམ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་གི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།།