ཀོས་ནན་རྫོང་གིས་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
ཉིན་འདི་འགའི་རིང་ལ། ཀོས་ནན་རྫོང་གིས་ཨར་ལས་ཀྱི་དུས་སྐབས་བཟང་བོ་དམ་འཛིན་བྱས་ནས། ཧ་ར་ཆུ་མཛོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཆུ་མཛོད་ཆུང་གྲས་དེ་འཆར་གཞི་ལྟར་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ལེགས་འགྲུབ་བྱུང་རྗེས་སུམ་མདོ་གྲོང་བརྡལ་དང་དེའི་ཉེ་འཁོར་གྱི་མང་ཚོགས་དང་ཕྱུགས་ཟོག་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་ཐུབ།
ཟླ10པའི་ཚེས13ཉིན། ཧ་ར་ཆུ་མཛོད་ཀྱི་བཟོ་སྐྲུན་ལས་གཞིའི་ཡུལ་དངོས་སུ་བཟོ་སྐྲུན་གྱི་སྒྲིག་ཆས་སྣ་ཚོགས་བརྟན་པོའི་ངང་འཁོར་རྒྱུག་བྱེད་བཞིན་ཡོད་ལ། བཟོ་སྐྲུན་མི་སྣ་ཆུ་རགས་རྒྱག་པ་དང་ཨར་འདམ་ལྡུག་པ་སོགས་ཀྱི་ལས་ཀར་བྲེལ་ནས། ལྷག་མའི་བཟོ་སྐྲུན་མགྱོགས་པོར་སྐུལ་འདེད་བྱེད་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། ཀོས་ནན་རྫོང་ཧ་ར་ཆུ་མཛོད་ནི་རིམ་པ་ལྔ་བའི་ཆུང་གྲས2ཅན་གྱི་གསོག་འཇོག་རང་བཞིན་གྱི་ཆུ་མཛོད་ཞིག་ཡིན་ལ། སྤྱིའི་ཤོངས་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི82.8ཡོད་པ་དང་། བཟོ་སྐྲུན་ཐད་སྤྱིའི་མ་དངུལ་སྒོར་ཁྲི15062.08བཏང་བས། གྲོང་ཤང་ལ་ཆུ་འདོན་པ་དང་ཕྱུགས་ཟོག་གི་འཐུང་ཆུ་གཙོར་འཛིན་པའི་ཆུ་བེད་བཟོ་སྐྲུན་ཞིག་ཡིན།
ཀོས་ནན་རྫོང་ཧ་ར་ཆུ་མཛོད་འཛུགས་སྐྲུན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཀྲུའུ་ཞང་ཧྥུང་གིས་བཤད་རྒྱུར། ཆུ་མཛོད་ཀྱི་ཆུ་གསོག་མགོ་བརྩམས་རྗེས། སུམ་མདོ་གྲོང་བརྡལ་དང་དེ་མིན་དེའི་མཐའ་འཁོར་གྱི་ཤང་སྡེའི་མི12166དང་ཕྱུགས་ཟོག92466གི་ཐོན་སྐྱེད་འཚོ་བའི་འཐུང་ཆུའི་གནད་དོན་ལ་འགན་ལེན་བྱ་ཐུབ། དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་འཁྱོལ་བྱེད་པའི་དམངས་ཚིས་ཆུ་བེད་བཟོ་སྐྲུན་གཙོ་བོ་ཞིག་ཡིན་པས། ཀོས་ནན་རྫོང་གི་ས་ཁོངས་རང་བཞིན་དང་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཐུབ་ཟེར།
མིག་སྔར་འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཁག་སོ་སོའི་མཉམ་འབྲེལ་སྐུལ་འདེད་འོག ལས་གཞི་ཧྲིལ་པོའི་བཟོ་སྐྲུན་ཚད80%ལེགས་འགྲུབ་བྱུང་བ་དང2027ལོའི་ཟླ9པར་ཁྱོན་ཡོངས་ནས་ལས་མཇུག་སྒྲིལ་རྩིས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུའུ་ཚད་ཡོད་འགན་འཁྲི་ཀུང་ཟིའི་ཀོས་ནན་རྫོང་ཧ་ར་ཆུ་མཛོད་བཟོ་སྐྲུན་ལས་གཞི་པུའུ་ཡི་ལས་གཞིའི་སྤྱི་གཉེར་བ་ཝང་ཡཱ་ཆང་གིས་བཤད་རྒྱུར། སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཆར་གཞི་ལྟར་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དུས་ལྟར་འཛུགས་སྐྲུན་གྱི་ལས་འགན་ཚང་མ་ལེགས་སྒྲུབ་བྱས་ནས་སྔ་མོ་ནས་ཆུ་གསོག་ཐུབ་པར་བྱས་ཏེ། བཟོ་སྐྲུན་གྱིས་དམངས་ཚིས་ཆུ་འདོན་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་ཐོན་པར་བྱ་རྒྱུ་ཡིན་ཟེར།