མཚོ་སྔོན་གྱིས་དགུན་དུས་དྲོད་འདོན་ཐད་མ་དངུལ་འབོར་ཆེན་བཏང་ནས་དཀའ་ངལ་ཁྱིམ་ཚང་ལ་ཕན་བདེ་བསྐྲུན།
ཟླ9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་དྲོད་འདོན་རོགས་སྐྱོར་མ་དངུལ་སྤྲོད་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁྲི17.91ལ་དྲོད་འདོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.52སྤྲད་པ་རེད།
ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་སྐྱོང་འགན་ལེན་སྐོར་གྱི་བྱ་བ་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་ཐག་གཅོད་བྱས་པ་དང་། དམངས་ཚིས་འགན་ལེན་གྱི་མཐའ་ཚད་ཇེ་བརྟན་དུ་བཏང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དགུན་དུས་བསྐྱལ་ཐུབ་པར་འགན་ལེན་བྱས། ས་གནས་སོ་སོའི་དམངས་སྲིད་སྡེ་ཁག་གིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་ལ་ལོ་རེར་ཁྱིམ་ཚང་རེར་སྒོར1000རེ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་ལ་ལོ་རེར་ཁྱིམ་ཚང་རེར་སྒོར800རེ་སྤྲོད་པའི་ཚད་གཞི་གཞིར་བཟུང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ2026ལོའི་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་སྤྲོད་དགོས་པའི་བླང་བྱ་བཏོན།
2017ལོར་གྲོང་ཁྱེར་དང་གྲོང་གསེབ་ལ་དྲོད་འདོན་རོགས་སྐྱོར་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་པ་ལྟར་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་ཁྲི165.08ལ་དྲོད་འདོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར14.04སྤྲད་ཟིན་པ་རེད། ཞིང་ཆེན་དམངས་སྲིད་ཐིང་གིས་ས་གནས་སོ་སོས་དཀའ་ངལ་ཡོད་པའི་ཚོགས་སྤྱི་གཞན་དག་གི་གཞི་རྩའི་འཚོ་བའི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་ཏེ། དྲོད་འདོན་རོགས་སྐྱོར་ཐོབ་ཀྱང་སྔར་བཞིན་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གནས་སྐབས་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་དགོས་པའི་བླང་བྱ་བཏོན་ཡོད།