གཉེན་འབྲེལ་མཉམ་སྐྲུན་གྱི་སྒྲོག་འགྲེལ་བྱེད་སྒོ་གུང་ཧོ་རྫོང་མཁར་ཤར་སྡེ་ཁུལ་དུ་སྤེལ་པ།
རང་ཚགས་པར་གྱི་འཕྲིན། ཟླ10པའི་ཚེས14ཉིན། གངས་ཅན་མཐོ་སྒང་གི་གཞུང་ལུགས་སྒྲོག་འགྲེལ་ཞེས་པའི་གཉེན་འབྲེལ་མཉམ་སྐྲུན་རབ་མཛེས་མཚོ་སྔོན་དུ་བསྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཁར་ཤར་སྡེ་ཁུལ་དུ་སྤེལ་ནས་མགོ་ལོག་པདྨའི་གསར་བརྗེའི་གཏམ་རྒྱུད་གཞི་རིམ་མང་ཚོགས་ཀྱི་གམ་དུ་ཐོན་པར་བྱས།
བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཁུལ་མང་ཚོགས་ཀྱིས་མཐའ་སྐོར་ནས་མཉམ་དུ་གསར་བརྗེའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བརྙན་ཐུང་ལ་བལྟས་པ་དང་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་རྒྱང་སྐྱོད་ལོ་ཟླའི་ནང་གི་སྤྱིར་བཏང་མིན་པའི་འདས་དོན་ལ་སེམས་ཞིབ་མོས་མྱོང་རོལ་བྱས་ཤིང་། འགྲེལ་བཤད་རྒྱག་མཁན་གྱིས་བརྗོད་བྱ་གཙོ་བོའི་འགྲེམ་པང་དང་ཟུང་འབྲེལ་བྱས་ཏེ་དམར་དམག་རྒྱང་སྐྱོད་ཀྱི་ལམ་བར་དུ་མཚོ་སྔོན་བརྒྱུད་པའི་པདྨ་རྫོང་གི་གསར་བརྗེའི་ཐོན་ཁུངས་ལ་གཞིགས་ནས་སྤེལ་ཏེ་གསར་བརྗེའི་ལོ་རྒྱུས་བརྗོད་པ་དང་དེ་གར་ཡོད་པའི་མང་ཚོགས་ཀྱིས་སེམས་ཞིབ་མོས་ཉན་ལ། འགྲེལ་བཤད་ཀྱི་རྗེས་སུ་འབྲངས་ཏེ་གསར་བརྗེའི་རྒྱང་སྐྱོད་ལམ་བུ་དེར་ཕྱིར་དྲན་བྱས་ཤིང་། མི་སེམས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་རེ་རེ་བཤད་ཚར་བ་དང་བསྟུན་ནས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲག་བྱུང་།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གངས་ཅན་མཐོ་སྒང་གི་གཞུང་ལུགས་སྒྲོག་འགྲེལ་ཞེས་པའི་གཉེན་འབྲེལ་མཉམ་སྐྲུན་རབ་མཛེས་མཚོ་སྔོན་ལ་བསྐྱོད་པ་དེ་ནི་མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་པདྨ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་སྒོས་རྩ་འཛུགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤུན་ཟླ་གྲོང་ཁྱེར་དང་ཁུལ་དུ་སོང་སྟེ་སྐོར་བསྐྱོད་སྒྲོག་བཤད་སྤེལ་བ་ཞིག་ཡིན། བྱ་འགུལ་གྱིས་སྤུས་རྟགས་སྒྲོག་བཤད་སྦྲེལ་ཐག་ཏུ་བཟུང་སྟེ། ས་གནས་སོ་སོའི་གཞུང་ལུགས་སྒྲོག་བཤད་ལ་བརྟེན་ནས་ཕན་ཚུན་སློབ་སྦྱོང་བྱེད་པར་སྐུལ་འདེད་བྱས་པ་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཏང་གི་གསར་སྤེལ་གཞུང་ལུགས། མི་རིགས་སྲིད་ཇུས། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་བཅས་གཞི་རིམ་དུ་བརྒྱུད་སྒྲོག་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་གསར་བརྗེའི་ལོ་རྒྱུས་ཡིད་ལ་འཛིན་པར་ཁྲིད་སྟོན་དང་ཡར་སྐུལ་གྱི་སྟོབས་ཤུགས་གཅིག་སྒྲིལ་སྒོས། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་བསྲེས་བཅས་བྱེད་པར་སྐུལ་འདེད་བྱ་རྒྱུ་རེད།།