སྡེ་ཚན་གསུམ་གྱིས་མཉམ་འབྲེལ་སྒོས《གྲོང་གསེབ་ཀྱི་རྒན་རོགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔར་འགྲེམས་བྱས་པའི《རྒན་གསོའི་ཞབས་ཞུའི་སྒྱུར་བཅོས་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར》དང《ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམིགས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》སོགས་བཀོད་སྒྲིག་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སླར་ཡང་དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པའི་ལས་ཞུགས་རོགས་སྐྱོར་དང་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་བྱེད་པ་སོགས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནུས་ཤུགས་གང་ཡོད་འདོན་སྤེལ་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་པ་དང་དོན་དངོས་དང་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་བཅས་བྱས་ནས། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་ངང་གསབ་ཆེད་དམངས་སྲིད་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་གྱིས《གྲོང་གསེབ་ཀྱི་རྒན་རོགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས།
《བརྡ་ཐོའི》ནང་། གྲོང་གསེབ་ཀྱི་རྒན་རོགས་དཔུང་ཁག་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། གྲོང་གསེབ་ཀྱི་རྒན་རྒོན་རོགས་སྐྱོར་དང་བླངས་པའི་ནུས་པ་འདོན་སྤེལ་བྱས་ནས“དངུལ་ལོའི་བྱ་སྤྱོད”གཏིང་ཟབ་སྤེལ་ནས། གྲོང་གསེབ་ཀྱི་གཞི་རིམ་རྒན་རྒོན་མཐུན་ཚོགས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་རྒན་རོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ཏེ། གཏན་འབེབས་ལྟར་འབྲེལ་ཡོད་ཐབས་ལམ་དང་མ་དངུལ་བརྒྱུད་ནས་ལས་གནས་ཁ་གསབ་སྤྲོད་དགོས། རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་རྒན་རོགས་ཞབས་ཞུ་མཁོ་འདོན་བྱེད་པར་སྐུལ་མ་གཏོང་བ་དང་། གྲོང་གསེབ་ཀྱི་རྒན་རོགས་ཞབས་ཞུའི་ཚོགས་པ་འཛུགས་པའམ་ཡང་ན་སྒྲིག་གཞིའི་སྒྲིག་བཀོད་ཐོན་ཁུངས་སྒོ་འབྱེད་དང་། ཞབས་ཞུའི་ས་ཚིགས་འཛུགས་པ། ཆེད་ལས་མཛུབ་ཁྲིད་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། གྲོང་གསེབ་ཀྱི་རྒན་རོགས་པར་ཞབས་ཞུ་སྤེལ་བར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
《བརྡ་ཐོའི》ནང་། གྲོང་གསེབ་ཀྱི་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་ནང་དོན་ཁ་གསལ་བཟོ་དགོས། ཞབས་ཞུའི་ནང་དོན་གཙོ་བོ་ལ་ཞབས་ཞུའི་དགོས་མཁོ་བསྡུ་རུབ་དང་ཐོན་ཁུངས་སྦྲེལ་མཐུད། སྲིད་ཇུས་དང་ཤེས་བྱ་དྲིལ་སྒྲོག ཛ་དྲག་རོགས་སྐྱོར། ཞབས་ཞུ་གཞན་པ་སོགས་ཚུད་ཡོད། ཞབས་ཞུ་གཞན་དག་ནང་གྲོང་ཚོའི(སྡོད་པ)ཡུལ་མིའི་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་ཕན་ཚུན་རོགས་རེས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་དང་རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་སྤེལ་བ་དང་། གྲོང་ཚོའི(སྡེ་ཁུལ)རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ས་ཚིགས་ཀྱི་རྒྱུན་གཏན་དོ་དམ་དང་ཞབས་ཞུའི་ལས་དོན་ཡག་པོར་སྒྲུབ་པ། སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་ཁྲོད་ཀྱི་རྒན་རྒོན་ལ་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མཁོ་འདོན་བྱེད་པ་སོགས་ཚུད་ཡོད། །