གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་སྲོལ་ཡིག་གསར་པ་གཉིས་ཁྱབ་བསྒྲགས་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས13ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་བསྡུས་དྲོད་འདོན་སྲོལ་ཡིག》 དང 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུ་མཛོད་མཛོད་ཁུལ་དོ་དམ་སྲོལ་ཡིག》 ཁྱབ་བསྒྲགས་བྱེད་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ། ས་གནས་རང་བཞིན་གྱི་རང་སྐྱོང་སྲོལ་ཡིག་འདི་གཉིས་ཀྱི་ཁྲིམས་བཟོའི་རྒྱབ་ལྗོངས་དང་གཏན་འབེབས་བྱས་པའི་བརྒྱུད་རིམ། དེ་བཞིན་ནང་དོན་སྙིང་པོ་བཅས་ངོ་སྤྲོད་བྱས་ཤིང་། འདིས་ས་གནས་དེའི་དྲོད་འདོན་དམངས་འཚོའི་འགན་ལེན་དང་ཆུ་མཛོད་མཛོད་ཁུལ་གྱི་བཅོས་སྐྱོང་ལས་དོན་དེ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན།

སྲོལ་ཡིག་གཉིས་ནི་སྐྱེ་ཁམས་སྲུང་སྐྱོབ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱ་རྒྱུར་གནད་ལ་འཁེལ་བའི་སྒོ་ནས་དམིགས་པ་གཏད་ཡོད། དེའི་ནང་ནས།《ཆུ་མཛོད་མཛོད་ཁུལ་གྱི་དོ་དམ་སྲོལ་ཡིག》ཟླ11པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། མཚོ་ཁུལ་གྱི་བདེ་འཇགས་དང་། སྐྱེ་ཁམས་སྲུང་སྐྱོབ། ལུགས་མཐུན་གྱི་གསར་སྤེལ་བཅས་ལ་དམིགས་ནས་ལམ་ལུགས་ཀྱི་སྒྲོམ་གཞི་ཆ་ཚང་ཞིག་བསྐྲུན་པ་སྟེ། རྫོང་དང་། རྫོང་ཁོངས། ཞང་། གྲོང་ཚོ་བཅས་རིམ་པ་བཞིའི་མཉམ་འབྲེལ་དོ་དམ་མ་ལག་འཛུགས་པ་དང་། རིམ་པ་སོ་སོའི་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། བདེ་འཇགས་འགན་འཁུར་བ་ཡོངས་བསྒྲགས་དང་། རིག་ནུས་ལྡན་པའི་ལྟ་ཞིབ་སྐོར་ཞིབ། ས་གཤིས་གནོད་འཚེའི་སྔོན་བརྡ། ཆུ་ལ་བྱིང་བ་སྔོན་འགོག་གི་དྲན་སྐུལ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ཆུ་མཛོད་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་དྲ་བ་དམ་དུ་གཏོང་བ། ཆུ་མཛོད་ཁུལ་དུ་བཀག་སྡོམ་བྱ་དགོས་པའི་བྱ་སྤྱོད་ཀྱི་ཐོ་གཞུང་གསལ་པོར་འགོད་པ། ཞིང་ལས་ཀྱི་ཆུ་ངོས་འབག་བཙོག་ལ་ཚོད་འཛིན་ནན་པོ་བྱེད་པ། རྒྱུན་གཏན་དུ་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་ཀྱི་སྒོ་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ། ཆུ་མཛོད་ཀྱི་བདེ་འཇགས་དང་ཆུ་ལོག་འགོག་པ་དང་ཆུ་གསོག་པའི་སྔོན་འགྲོའི་ཆ་རྐྱེན་འོག ། ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱི་སྒོ་ནས་ཆུ་མཛོད་ཁུལ་གྱི་གསར་སྤེལ་བྱ་འགུལ་སྤེལ་བ་དང་། སྐྱེ་ཁམས་སླར་གསོ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྲུང་སྐྱོབ་དང་གསར་སྤེལ་མཉམ་དུ་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱས། 《གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་བསྡུས་དྲོད་འདོན་སྲོལ་ཡིག》2026ལོའི་ཟླ9པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དྲོད་གཏོང་དུས་ཡུན་ཟླ་བ6 ལས་མི་ཉུང་བ་གསལ་པོར་གཏན་འཁེལ་བྱས་ཤིང་། གནམ་གཤིས་ཧ་ཅང་གྲང་ངར་ཆེ་བའི་སྐབས་སུ་དྲོད་གཏོང་མགོ་འཛུགས་དང་མཇུག་སྒྲིལ་གྱི་དུས་ཚོད་ལ་གུ་ཡངས་ཀྱིས་སྙོམ་སྒྲིག་བྱེད་ཆོག་པ་དང་། མི་དམངས་ཀྱི་སྡོད་ཁང་ནང་གི་དྲོད་ཚད་ཀླད་ཀོར་ཡན་གྱི་ཚ་ཚད་ཧྲེ་ཧྲི་ཏུའུ20ནི་མ་མཐའི་ཚད་གཞིར་གཏན་འབེབས་བྱས་ཏེ། དྲོད་ཚད་འཇལ་བ་དང་གྲོན་དངུལ་ཕྱིར་སློག་གི་འབྲེལ་ཡོད་སྒྲིག་སྲོལ་ཞིབ་ཕྲར་བཏང་ཡོད། སྨན་ཁང་དང་སློབ་གྲྭ། རྒན་གསོ་ཁང་བཅས་ལ་དམིགས་བསལ་གྱི་དྲོད་འདོན་འགན་ལེན་ལག་བསྟར་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོད་ལེན་གྱི་ཁ་གསབ་རོགས་དངུལ་འབྲེལ་མཐུད་དུ་དོན་འཁྱོལ་བྱེད་པ། མང་ཚོགས་ཀྱི་དྲོད་ལེན་རེ་འདུན་དེ་ཁྲིམས་ལུགས་ཀྱི་ཐོབ་ཐང་དུ་གཏན་འཁེལ་བཟོས་ཡོད། དེ་དང་ཆབས་ཅིག་ཏུ། དྲོད་ཁུངས་མདོང་ལམ་དང་། སྤྱི་པའི་དྲོད་འདོན་སྒྲིག་ཆས། ཁྱིམ་ཚང་ནང་གི་སྒྲིག་ཆས་བཅས་ཀྱི་སྲུང་སྐྱོང་དོ་དམ་གྱི་འགན་འཁྲི་གསལ་འབྱེད་བྱེད་པ་དང་། ས་འོག་ཚ་ནུས་དང་ཉི་འོད་ནུས་པ་སོགས་ནུས་རྒྱུ་གཙང་མའི་དྲོད་ལེན་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་བ། དྲོད་འདོན་ཚན་པའི་ཆུ་ཚོད24རིང་གི་ཞབས་ཞུའི་ཁ་པར་དང་ཛ་དྲག་ཞིག་གསོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། ཕྱོགས་གཉིས་ཀྱི་བྱ་སྤྱོད་ལ་ཕྱོགས་གཉིས་ནས་ཚོད་འཛིན་བྱེད་པ་བཅས་ཀྱི་སྒོ་ནས། ཁྲིམས་སྐྱོང་གི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་ལ་དྲོད་ཁོལ་ལྡན་པའི་ངང་ནས་དགུན་སྐྱེལ་བར་འགན་ལེན་བྱ་རྒྱུ་ཡིན་པ་རེད། །

热门新闻

热门图库

热门排行